དགོངས་ཚུལ།

བྷེལ་ཇམ་དུ་བོད་ཀྱི་རིག་གཞུང་དུས་སྟོན་ཐེངས་༤པ་ཚུགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༣ཉིན། ཉེ་ཆར་ཕྱི་ཟླ་༡༡པའི་ཚེས་༣༠རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོར་ཡོ་རོབ་ཀྱི་རྒྱལ་ ཁབ་བྷེལ་ཇམ་དུ་ཡོད་པའི་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་༼བོད་ཀྱི་རིག་ གཞུང་གི་དུས་སྟོན་ཐེངས་༤པ་༽དེ་ཚུགས་ཡོད་འདུག་པ་དང་། དེ་དང་ཆབས་ཅིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བྷེ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་སྲུང་བརྩི་ཡང་ཞུས་ཡོད་འདུག

རིག་གཞུང་དུས་སྟོན་དེའི་ཐོག་བྷེལ་ཇམ་གནས་སྡོད་བོད་མི་དང་། རྒྱལ་ཁབ་གང་ས་ནས་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་༡༠༠ལྷག་ཙམ་མཉམ་ཞུགས་བྱས་ཡོད་འདུག་པ་དང་། རིག་གཞུང་དུས་སྟོན་གྱི་ཐོག་མར་སྐུ་མགྲོན་རྣམས་ལ་བོད་ཇ་དང་འབྲས་བསིལ་འདེབས་འབུལ་དང་། ༧གོང་ས་མཆོག་གི་སྐུ་པར་ཁ་བཏགས་བཅས་རིན་པར་སྒྲོན་ཟིན་རྗེས། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་། བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་ཤོར་བའི་བོད་མི་རྣམས་ལ་གདུང་སེམས་མྱ་ངན་དང་རྗེས་དྲན་མཚོན་ཆེད། དུས་ཡུན་སྐར་མ་༡རིང་ངག་བཅས་གནང་། དེ་ནས་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདོན་པ་དང་། བྷུ་ཟལ་བོད་ཀྱི་ལས་ཁུངས་ཀྱི་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་དང་། འཛིན་སྐྱོང་ཁང་གི་ལས་དོན་བཅས་ངོ་སྤྲོད་རིམ་པར་གནང་བའི་ནང་། ཆོས་རིག་འཛིན་སྐྱོང་ཁང་གི་གལ་གནད་ཆེ་ཤོས་དེ། བྷེལ་ཇམ་དུ་ཡོད་པའི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་བྱ་རྒྱུ་དེ་ཆགས་ཡོད་ལུགས་བཅས་གསུང་བཤད་གནང་འདུག

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནི་ཕྱི་ལོ་༢༠༠༨ལོར་གསར་འཛུགས་བྱས་པ་དང་། ཕྱི་ལོ་༢༠༡༡ལོར་ས་གནས་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས། རིག་གཞུང་ལྟེ་གནས་ཁང་འདིའི་དམིགས་ཡུལ་ནི། བྷེལ་ཇམ་དུ་སྐྱེས་པའི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་སོགས། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་དུ་གསར་འཛུགས་གནང་བ་ཞིག་རེད།

བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས། བྷེལ་ཇམ་གྱི་གྲོང་ཁྱེར་བྷུར་ཟལ་དང་། ཨན་ཊི་ཝར་ཕུ། ཨོ་སི་ཊིན་ཌི་བཅས་གྲོང་ཁྱེར་ ༣ནང་བོད་རིགས་སློབ་གྲྭ་གསར་འཛུགས་བྱས་པ་དང་། བྷུར་ཟལ་ནང་རེས་གཟའ་སྤེན་པ་རྟག་པར་བོད་ཀྱི་སྐད་ཡིག་སོགས་འཛིན་གྲྭ་ཚོགས་ཀྱི་ཡོད་ཅིང་། དེར་དགེ་རྒན་༢དང་། སློབ་མ་༣༠། ཨན་ཊི་ཝར་ཕུར། རེས་གཟའ་ཉི་མའི་ཉིན་འཛིན་གྲྭ་ཚོགས་ཀྱི་ཡོད་ཅིང་། དེར་དགེ་རྒན་༣དང་སློབ་མ་༤༠། ཨོ་སི་ཊིན་ཌིར་དགེ་རྒན་༡དང་སློབ་མ་༡༦བཅས་ཡོད། སློབ་གྲྭ་དེ་དག་ལ་རིམ་པ་མི་འདྲ་བ་༣ཡོད་ཅིང་། རང་ལོ་༣ནས་༧བར་གྱི་སློབ་མ་ཆུང་ཤོས་རྣམས་ལ། མིང་ཚིག་དང་། རི་མོ། ཚོན་བྲིས། བྱིས་སྒྲུང་། བཟང་སྤྱོད། ཤེས་བྱའི་རྩེད་རིགས་བཅས་སློབ་ཁྲིད་བྱེད་ཀྱི་ཡོད་ཅིང་། ཕྱི་ལོ་༢༠༡༣ལོར་གོམ་པ་དང་པོ་དང་། གཉིས་པའི་སློབ་ཕྲུག་རྣམས་ལ་དྷ་རམ་ས་ལའི་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱེད་བཞིན་པའི་སློན་ཚན་ཁག་ལག་བསྟར་བྱ་རྒྱུ་ཡིན་འདུག

སློབ་དེབ་དག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དཔར་སྐྲུན་གནང་བའི་གཞི་རིམ་སློབ་དེབ་ཁག་གཞིར་བཟུང་ཐོག་བོད་ཀྱི་སྐད་ཡིག་དང་། ནང་ཆོས། དེ་བཞིན་བོད་གཞས་དང་། རྩེད་མོ་ཁག་ཀྱང་སློབ་ཁྲིད་བྱ་རྒྱུ་ཡིན་འདུག་ལ། བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་བོད་ཕྲུག་ཕ་མ་དབར་གྲོས་སྡུར་བྱས་པ་བརྒྱུད། ཕྱི་ལོ་༢༠༡༣ལོར་བྷེལ་ཇམ་གྱི་གྲོང་ཁྱེར་Leuven ལེའུ་ཝན་ནང་བོད་མིའི་སློབ་གྲྭ་ཞིག་གསར་འཛུགས་བྱ་འཆར་ཡོད་འདུག

གཞན་ཡང་ལོ་ལྟར་བདུན་ཕྲག་༡རིང་ Summer Camp  དབྱངས་ཁའི་གུང་སེང་སློབ་ཁྲིད་ཡོད་འདུག་ཅིང་། དུས་ཡུན་དེར་ནང་ཆོས་ངོ་སྤྲོད་དང་། ཞོགས་འདོན། ལུས་རྩལ། བོད་ཀྱི་སྐད་ཡིག་འཛིན་གྲྭ། བོད་ཀྱི་ས་བབ་ངོ་སྤྲོད། དེ་བཞིན་དྲ་ཐོག་ནས་བོད་ཀྱི་གནས་ཚུལ་ལྟ་ཀློག་བྱ་རྒྱུ་བཅས་ངོ་སྤྲོད་སློབ་ཁྲིད་གནང་གིན་ཡོད་འདུག

ཡང་ཕྱི་ལོ་ ༢༠༡༢ལོར་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ན་གཞོན་གྱི་ཤེས་ཡོན་འཛིན་གྲྭ་ཞིག་གོ་སྒྲིག་བྱས་ཡོད་འདུག་ཅིང་། འཛིན་གྲྭ་དེའི་ནང་བྷེལ་ཇམ་གྱི་རྒྱལ་ས་བྷུར་ཟལ་དུ་གནས་སྡོད། བོད་ཕྲུག་རྣམས་ཀྱི་ཕ་མ་སོགས་བོད་རིགས་ན་གཞོན་རྣམས་འཛུལ་ཞུགས་བྱེད་ཀྱིན་ཡོད་འདུག་ལ། ཁོང་ཚོ་མང་ཆེ་བ་ནི་བོད་ནས་བྷེལ་ཇམ་ལ་གསར་དུ་འབྱོར་བ་ཤ་སྟག་ཡིན་སྟབས། ཁོང་ཚོར་ཌོ་ཆིའི་སྐད་ཡིག་སློབ་ཁྲིད་སོགས་ཀྱིས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད། དེ་མཚུངས་འཛིན་གྲྭ་གྲོང་ཁྱེར་ཨན་ཊི་ཝར་ཕུ་དང་། ཨོ་སི་ཊིན་ཌི་ནང་ལའང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༥ཉིན་ནས་བཟུང་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས། རེས་གཟའ་ལྷག་པ་ནམ་ཡིན་གྱི་ཕྱི་དྲོར་བྷུར་ཟལ་དུ་ཡོད་པའི་རྙིང་མའི་དགོན་པའི་ནང་བོད་ཀྱི་༼ལྷག་དཀར་༽སྲུང་བརྩི་གནང་འཆར་ཡོད་འདུག གནས་ཚུལ་མཁོ་གཏོང་བ་སྐུ་ཞབས་ཌེ་ནི་སི་དང་། ལྡན་ཝ་འཇིགས་མེད་ལགས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།