རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་གསུམ་དང་ཐུག་འཕྲད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༡ཉིན། ཉེ་ཆར་ཕྱི་ཟླ་༡༡པའི་ཚེས་༢༩ཉིན་ཨ་རིའི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་སྐུ་ཞབས་ Michael Posner མེ་ཀལ་ཕོ་སཱ་ནར་མཆོག་གིས་བོད་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་༣དང་ཐུག་འཕྲད་གནང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཁ་སང་ཕྱི་ཟླ་༡༡པའི་ཚེས་༣༠ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་ Victoria Nuland ཝི་ཊོ་རི་ཡ་ནུ་ལན་ཌི་མཆོག་གིས། གསར་འགོད་པའི་དྲི་བ་དྲིས་ལན་སྐབས་ཉེ་ཆར་ཕྱི་ཟླ་༡༡པའི་ཚེས་༢༩རེས་གཟའ་ཕུར་བུ་ཉིན་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་སྐུ་ཞབས་ Michael Posner མེ་ཀལ་ཕོ་སཱ་ནར་མཆོག་གིས་བོད་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་༣དང་ཐུག་འཕྲད་དང་། ཁོང་ཚོར་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་བསྟན་ཡོད་ལུགས་འགྲེལ་བརྗོད་གནང་འདུག

ཡང་མགྲིན་ཚབ་པས། ཟླ་བ་འདིའི་ནང་བོད་ནང་སློབ་མ་སྟོང་ཕྲག་འགའ་ཤས་ཀྱིས་ཞི་བའི་ངོ་རྒོལ་དང་བོད་མི་༢༠ལྷག་ཙམ་གྱིས་རང་ལུས་མེར་སྲེག་བཏང་བ་སོགས། ད་ལྟའི་ཆར་བོད་ནང་དུ་བོད་མི་མང་པོས་རང་ལུས་མེར་སྲེག་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་མི་ཐོག་སྔར་ལས་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་དེའི་ཐད། ཨ་རིའི་གཞུང་ནས་སེམས་ཚབ་ཆེན་པོ་ཡོད་སྐོར་དང་། རྗེས་སུ་བོད་ནང་གི་གནས་སྟངས་ཐོག་ང་ཚོས་ཁྱབ་བསྒྲགས་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་འདུག

གསར་འགོད་པས་སྐུ་ཞབས་ Michael Posner མེ་ཀལ་ཕོ་སཱ་ནར་མཆོག་གིས་བོད་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་སུ་དང་སུ་ལ་ཐུག་འཕྲད་གནང་ཡོད་མེད་བཅར་འདྲི་ཞུས་ཀྱང་། ཁོ་མོས་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱེད་ཚེ་ནང་མི་དེ་དག་གི་བདེ་འཇགས་ལ་ཉེན་ཁ་འཕྲད་སྲིད་སྐོར་བརྗོད་དེ་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་མེད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།