སྲིད་སྐྱོང་མཆོག་གིས་ནེ་རུ་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༣༠ཉིན། ཟླ་འདིའི་ཕྱི་ཚེས་༢༩ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ Jawaharlal Nehru Univeristy ནེ་རུ་གཙུག་ལག་སློབ་གཉེར་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་༼དབུ་མའི་ལམ་༽སྐོར་གསུང་བཤད་གནང་འདུག

གསུང་བཤད་དེ་ཉིད་གོ་སྒྲིག་གནང་མཁན་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ J.P. Foundation ཇེ་ཕི་ཐེབས་རྩ་ཚོགས་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་། ཧིན་བོད་འབྲེལ་མཐུད་ཚོགས་པའི་ལས་ཁུངས་བཅས་ཡིན་འདུག

གསུང་སྐྱོང་མཆོག་གིས་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་Anand Kumar ཨ་ནན་ཌ་ཀུ་མར་མཆོག་གི་གཙོས་སློབ་དཔོན་དང་། སློབ་གཉེར་ཁང་གི་སྡེ་ཚན་འདྲ་མིན་གྱི་སློབ་མ། གཞན་ཡང་སློབ་གཉེར་ཁང་ཕྱི་ལོག་ནས་ཕེབས་པའི་མི་སྣ་བཅས་ཁྱོན་མི་གྲངས་༣༠༠ལྷག་ཙམ་ལ། ཕྱི་ལོ་༢༠༠༩ནས་བཟུང་ཁྱོན་བོད་མི་༨༦ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། དེ་སྔོན་ཨ་རབ་གསར་བརྗེའི་ལས་འགུལ་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཁ་ཡ་བྱས་ཀྱང་། ཕྱི་ལོ་༢༠༡༡ལོར་ Time magazine ཞེས་པའི་དུས་དེབ་ནང་༼བོད་མིའི་རང་ལུས་མེར་སྲེག་ནི་འཛམ་གླིང་ནང་གནས་ཚུལ་ཁྱབ་སྤེལ་ཆེས་ཉུང་ཤོས་དེ་ཆགས་ཡོད་༽ཅེས་བྲིས་ཡོད།

སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་ཕྱོགས་ནས། རང་ལུས་མེར་སྲེག་ནི་ཏཱ་ལའི་བླ་མ་དང་། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་གཉིས་ཀྱིས་སྐུལ་སློང་བྱས་པར་བརྟེན་ནས་ཡིན་ལུགས་སོགས་ཀྱིས། ཉེས་འགེག་ལོག་འགྲེལ་གྱི་འཁྲབ་སྟོན་ཁོ་ན་བྱེད་ཀྱིན་ཡོད།

འོན་ཀྱང་དངོས་ཡོད་གནས་ཚུལ་དུ་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་ནི། རྒྱ་ནག་གཞུང་གི་བོད་དུ་མུ་མཐུད་བཙན་འཛུལ་བཙན་གནོན་འོག ཆབ་སྲིད་བཙན་གནོན་དང་། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག རིག་གཞུང་བཤུ་གཞོག ཆོས་དད་རང་དབང་འགོག་རྐྱེན་བཅས་ལ་བརྟེན་ནས། རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་མི་རྣམས་བཙན་གྱིས་ལམ་ཁ་དེར་དེད་པ་ཞིག་རེད་ཅེས་པར་ཉེས་འཛུགས་བྱས་པ་དང་། རང་ལུས་མེར་སྲེག་དེ་མཐའ་གཏུག་ནས་བཤད་ན། ༧གོང་ས་མཆོག་ཕྱིར་བོད་ལ་ཆིབས་བསྒྱུར་བསྐྱང་དགོས་པ་དང་། བོད་མིར་རང་དབང་དགོས་པ་དེ་གཉིས་རེད་ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། རྒྱུ་མཚན་གང་ལ་བརྟེན་ནས་རྒྱ་གར་གྱིས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་རེ་བ་རྒྱག་གིན་ཡོད། བོད་ནི་བར་གནས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། དེས་ཧི་མ་ལའི་ས་མཚམས་བར་གྱི་གནོན་ཤུགས་ལ་ཕན་ནུས་ཆེན་པོ་ལྡན་སྲིད་པའི་སྐོར་སླར་ཡང་རྒྱ་གར་ལ་དྲན་སྐུལ་གནང་བ་དང་། རྒྱ་གར་ནི་བོད་ལ་ཁ་ཚ་དགོས་གཏུགས་དགོས་ངེས་ཀྱི་གྲོགས་པོ་ཞིག་ཆགས་ཡོད་པ་དང་། ད་ཆ་རྒྱ་ནག་གི་གནོན་ཤུགས་དེ་ནི་ལྷོ་ཨེ་ཤ་ཡའི་ཁུལ་དུ་ཁྱབ་ཀྱི་ཡོད་ལ། དེས་རྒྱ་གར་ལའང་དཀའ་ངལ་སྤྲོད་ཀྱི་ཡོད། ཨེ་ཤ་ཡའི་ཁུལ་གྱི་གལ་ཆེ་བའི་ཆུ་བོ་ཁག་གི་འབྱུང་ཁུངས་བོད་ནང་དུ། རྒྱ་ནག་གཞུང་གིས་ཁོར་ཡུག་འབག་བཙོག་བཟོས་པའི་རྐྱེན་གྱིས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

གསུང་བཤད་རྗེས་ The Middle Way Policy to Solve the Issue of Tibet ༼བོད་ཀྱི་དཀའ་རྙོག་སེལ་བར་དབུ་མའི་ལམ་གྱི་སྲིད་བྱུས་༽ཞེས་པའི་གློག་བརྙན་ཐུང་ངུ་ཞིག་ཀྱང་དགེ་སློབ་རྣམས་ལ་གཟིགས་འབུལ་ཞུས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།