བོད་མིའི་གཤིས་ཀ་ལྟར་གཞོན་སྐྱེས་ཚོ་བདེན་པ་བདེན་ཐུབ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༢༩ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་གནས་སྡོད་བོད་མི་ཚོར་བོད་མིའི་གཤིས་ཀ་དྲང་བདེན་དང་བྱམས་བརྩེ་ལྡན་པ་ཡིན་པས། བོད་པའི་གཞོན་སྐྱེས་ཚོས་བདེན་པ་བདེན་ཐུབ་ཀྱི་ཡ་རབས་ལྡན་པ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་འདུག

ཟླ་འདིའི་ཕྱི་ཚེས་༢༧ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དབུས་ཀྱི་ Janna Jyothi Auditoriun ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་བདེ་སྲུང་བཀའ་བློན་འབྲོག་ཆུང་དངོས་གྲུབ་མཆོག་དང་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་མཆོག སེར་སྨད་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ། རྒྱུད་སྨད་གྲྭ་ཚང་བཅས་ཀྱི་མཁན་པོ་རྣམ་པ། དེ་བཞིན་ལྷོ་ཕྱོགས་ཁུལ་དུ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དང་སྤྱི་ཟུར་ཁག་གཅིག ལྷོ་སྤྱི་ལས་ཁུངས་ཀྱི་ལྷོ་སྤྱིས་དབུས་པའི་ལས་བྱེད་རྣམ་པ། གཞུང་འབྲེལ་མིན་པའི་བོད་རིགས་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། ཁུལ་དེར་ཚོང་ལས་དང་ལས་རིགས། མཐོ་སློབ་ཁག་གི་ནང་སྐྱོད་བཞིན་པའི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༢༥༠༠ བརྒལ་བ་ལྷན་འཛོམས་ཐོག་ལྷོ་སྤྱི་ཀརྨ་སེང་གེ་ལགས་ཀྱི་ལས་བསྡོམས་སྙིང་བསྡུས་ཞིག་སྙན་སྒྲོན་ཞུས་རྗེས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེའི་བླང་དོར་གྱི་བཀའ་སློབ་ཕེབས་དོན། དེ་རིང་སྦེང་ལོར་ཁུལ་དུ་ཁྱུག་ཙམ་འབྱོར་བའི་སྐབས་འདིར་ཁུལ་འདིར་གནས་སྡོད་བོད་མི་རྣམས་ཆེད་བསྔགས་ཐུག་རྒྱུ་ས་གནས་ནས་གྲ་སྒྲིག་བྱས་ཡོད། ཁྱེད་རང་ཚོར་ལས་བྲེལ་ཏན་ཏན་ཡོད་ཀྱང་། དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་འདིར་འདུ་འཛོམས་གནང་བ་རེད། ཁྱེད་རྣམས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ན་ནིང་ངོས་རང་རྒན་ཡོོལ་ཞུས་རྗེས་ཕར་ཚུར་འགྲོ་སྐབས་ལས་བསྡོམས་ཀློག་རྒྱུ་ཡིན་གཅིག་མིན་གཅིག་མི་དགོས་པ་བྱེད་ཀྱི་ཡོད། དེ་རིང་འདིར་ལྷོ་སྤྱིས་ལས་བསྡོམས་སྙིང་བསྡུས་ཤིག་བཤད་དེ་ལས་རིགས་འདྲ་མིན་ཐོག་ཁྱེད་རང་ཚོས་ཧུར་ཐག་འབད་ཐག་བྱས་འདུག ངོས་རང་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་གི་ཡིན།

ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ལྔ་བཅུ་བརྒལ་འགྲོ་གི་ཡོད། མི་ཞིག་གི་མི་ཚེའི་ཆ་ནས་བཤད་ན་ལོ་ལྔ་བཅུ་ལྔ་གསུམ་ཟེར་བ་གང་ཙམ་རིང་པོ་རེད། བཙན་བྱོལ་བ་ཆགས་པའི་རྗེས་ཀྱི་བུ་ཕྲུག་ཚོ་ཕ་མ་ཙམ་མ་ཟད། མི་རབས་གཉིས་ཙམ་གྱི་སྤོ་བོ་ལགས་དང་རྨོ་བོ་ལགས་ཆགས་པ་བྱུང་ཡོད། འོན་ཀྱང་མི་རིགས་ཞིག་གི་འཐབ་རྩོད་ངོས་ནས་བཤད་དུས་ཡུན་ལོ་ངོ་ལྔ་བཅུ་ལྔ་གྲངས་དེ་ཙམ་རིང་པོ་མ་རེད། དེ་བཞིན་ཕྱོགས་གཅིག་ནས་མི་རབས་བརྗེས་འགྲོ་གི་ཡོད་ཀྱང་བོད་མིའི་སྙིང་སྟོབས་དང་སེམས་ཤུགས་འགྱུར་བ་མེད་པར་གནས་མཁན་དེ་མི་རབས་གསར་དུ་ཡོང་བཞིན་པ་རྣམས་ད་དུང་མཁྲེགས་སུ་དང་ཤུགས་ཆེ་རུ་འགྲོ་གི་ཡོད་པ་གསལ་པོ་འདུག དེར་བརྟེན་རྒྱ་རིགས་ནང་ནས་མང་པོ་ཞིག་གིས་བོད་པའི་གནས་ཚུལ་ལ་དོ་སྣང་གསར་པ་བྱེད་རྒྱུ་ཞིག་ཆགས་ཡོད།

ཕྱིི་ལོ་ ༢༠༠༨ ལོའི་ཞི་བའི་ངོ་རྒོལ་བྱུང་རྗེས་རྒྱ་མིས་དྲག་གནོན་ཞེ་དྲག་བྱས་ཏེ་བོད་པ་ཚང་མས་རྒྱ་མིར་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་རྒྱ་ནག་གཞུང་གིས་བཤད་དེ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱུང་བ་ཡིན་དུས། དེ་རྗེས་རྒྱ་མི་མཁས་པ་དང་ཚོང་པ་ཤེས་ཡོན་ཅན་སློབ་ཕྲུག་མང་པོ་ཐུག་གི་ཡོད། དེ་ཚོ་མང་པོ་ཞིག་གི་ཕྱི་ལོ་ ༢༠༠༨ སྔོན་ལ་བོད་པའི་གནས་ཚུལ་གང་ཡང་ཤེས་ཀྱི་མེད་རྒྱ་གཞུང་གིས་ནམ་རྒྱུན་ཤོད་རྒྱུ་དེ་རང་ཡིན་ཤག་མ་གཏོགས་དོ་སྣང་གང་ཡང་མེད། དེ་དུས་སྦིར་གྲགས་ཆེན་པོའི་གནས་ཚུལ་མང་པོ་ཞིག་ཛ་དྲག་གི་བྱུང་བ་ཡིན་དུས་བོད་པའི་ཐོག་ལ་དོ་སྣང་སླེབས་སོང་ལ་བྱས་པ་ཡིན།

དེར་བརྟེན་བོད་པའི་གནས་ཚུལ་བདེན་པ་ཞིག་དང་བོད་ཀྱི་ཆོས་དང་རིག་གཞུང་དངོས་གནས་གཏིང་ཟབ་པོ་དང་སྤུས་དག་པོ་ཞིག་ཡོད་པ་མཐོང་ཡོང་གི་འདུག དེང་སང་རྒྱ་རིགས་ནང་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཞེ་དྲག་འདུག་ལ་དེའི་ནང་ནས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཞེ་དྲག་ཡོད་འདུག ངོས་ཀྱི་ངོ་ཤེས་མང་པོ་ཞིག་གིས་བོད་ཀྱི་ནང་ཆོས་བྱེད་ཀྱི་ཡོད་ཅེས་ཤོད་ཀྱི་ འདུག དེ་བཞིན་བོད་ལ་ཡོད་པའི་བླ་མ་དང་མཁན་པོ་མང་པོས་རྒྱ་ནག་ནང་འགྲོ་གི་ཡོད་པ་མངོན་གསལ་དོད་པོའི་ཐོག་ནས་ཆོས་བཤད་ཆོག་གི་མི་འདུག་ཀྱང་། གང་ལྟར་ཉུང་ཤས་བྱས་ཏེ་བོད་ཀྱི་ནང་ཆོས་ལ་དད་པ་བྱས་ཏེ་ཆོས་རྒྱུས་མངའ་ཡོད་པ་རྒྱ་ནག་གང་སར་ཇེ་མང་འགྲོ་གི་འདུག་ཅེས་ཤོད་ཀྱི་འདུག གང་ལྟར་འཛམ་གླིང་འགྱུར་བ་ཞེ་དྲག་འགྲོ་གི་ཡོད་པས་རྒྱ་ནག་ལ་ཆ་བཞག་ནའང་འགྱུར་བ་འགྲོ་གི་ཡོད། དེར་བརྟེན་ང་ཚོས་ལོ་ངོ་ལྔ་བཅུ་ང་གྲངས་དེའི་རིང་ལ་ཚང་མས་གཙོ་ཆེན་བོད་ཀྱི་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་གི་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པ་བྱས་ཏེ་བསྡད་ཡོད།

བཙན་བྱོལ་ནང་ཡོད་པའི་བོད་པ་ཉུང་ཤས་ཤིག་ཡིན་ཡང་། དེ་དག་སྤྱི་སྙོམས་ཐོག་ནས་ཡག་ཐག་ཆོད་ཟེར་དགོས་རེད། བོད་སྤྱི་པའི་སེམས་ཤུགས་མ་བརླག་པ་ཡག་ཐག་ཆོད་རེད། ས་ཁུལ་གང་སར་ཡོད་པ་དང་སྐབས་རེ་ཕྱི་རྒྱལ་དུ་ཡོད་པ་དེ་ཚོའི་གྲས་བོད་སྐད་མི་ཤེས་པ་དང་བདེ་པོ་མེད་པ་ཡོང་གི་འདུག་ཀྱང་། རྩ་བའི་བོད་པ་ཡིན་བསམ་པའི་མི་རིགས་ཀྱི་འདུ་ཤེས་དང་ཞེན་ཁོག་ཕལ་ཆེར་ས་ཁུལ་འདྲ་མིན་དུ་ཡོད་པའི་བོད་པ་ཚང་མར་སེམས་ཤུགས་དེེ་འདུག འཛམ་གླིང་ཕྱི་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཇེ་མང་འགྲོ་གི་ཡོད། བར་སྐབས་ཚན་རིག་པའི་ནང་བོད་ཀྱི་ནང་ཆོས་གཞུང་ནས་མར་གསུངས་པའི་སེམས་དང་རྣམ་རྟོག་འདྲ་མིན་འགྲོ་སྟངས་དེ་དག་ཚན་རིག་པ་དངོས་གནས་ཚད་ལྡན་སྙན་གྲགས་ཅན་མང་པོ་ཞིག་གིས་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་མ་ཟད།

༸གོང་ས་མཆོག་གིས་བོད་མི་ཚོས་ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་ལ་གཅེས་འཛིན་དང་འབྲེལ་སོ་སོའི་སྐད་ཡིག་ལ་བརྩི་མཐོང་བྱེད་དགོས་སྐོར་དང་། ང་ཚོའི་མི་གཤིས་དྲང་བདེན། བྱམས་བརྩེ་ལྡན་པ་ཡིན་པས་བོད་པའི་གཞོན་སྐྱེས་ཚོས་བདེན་པ་བདེན་ཐུབ་ཀྱི་ཡ་རབས་ལྡན་པ་བྱེད་དགོས་པ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་བོད་ནང་བཞུགས་དུས་ནས་མང་གཙོའི་ལམ་ལུགས་བསྒྱུར་བཅོས་གནང་རྒྱུའི་དགོངས་པ་ཡོད་ཀྱང་རྒྱ་མིའི་འགལ་རྐྱེན་ལ་བརྟེན་བྱུང་མེད་པའི་འཕེལ་རིམ་སོགས་ངོ་སྤྲོད་དང་འབྲེལ་ཆབ་སྲིད་དབུ་ཁྲིད་ནས་རྒན་ཡོལ་གནང་དགོས་པའང་མ་འོངས་ཕུགས་ཕན་གྱི་ཆེད་དང་། སློབ་ཕྲུག་ཚོས་རྒྱ་རིགས་སློབ་ཕྲུག་ཚོར་འབྲེལ་བ་དམ་ཟབ་བྱེད་དགོས་སྐོར་སོགས་ཀྱི་བཀའ་སློབ་ཕེབས་ཡོད། དེ་ནས་རྒྱ་གར་བའི་གསར་འགོད་པ་དང་། ཕྱི་རྒྱལ་རེ་ཟུང་སླེབས་ཡོད་པ་རྣམས་ལ་དབྱིན་སྐད་ཐོག་སྙིང་དོན་སྐར་མ་བཅུ་ཙམ་རིང་བཀའ་སློབ་སྩལ་ཏེ་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད་འདུག

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།