བོད་དོན་ཆེད་ཉིན་གཅིག་ཅེས་པའི་ལས་འགུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༢༦ཉིན། ཟླ་འདིའི་ཕྱི་ཚེས་༢༣རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བརྟེན་གཞི་བྱས་ཡོད་པའི་ཧིན་བོད་འབྲེལ་མཐུད་ཚོགས་པའི་ལས་ཁུངས་དང་། ལྡི་ལི་རོ་ཧི་ནི་ས་གནས་ Bal Bharati Public School བྷལ་བྷ་རཱ་ཊི་སྒེར་བཙུགས་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག་ A Day For Tibet ༼བོད་དོན་ཆེད་ཉིན་གཅིག་༽ཅེས་པའི་ལས་འགུལ་ཞིག་སྤེལ་འདུག

བསྟན་འཛིན་དཔལ་འབྱོར་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་དོན་ཆེད་ཉིན་གཅིག་ཅེས་པའི་ལས་འགུལ་དེའི་ཐོག སློབ་གྲྭ་དེའི་འཛིན་གྲྭ་༩པ་དང་། ༡༠པ། ༡༡། དེ་བཞིན་༡༢བཅས་ཀྱི་སློབ་མ་༡༥༠ཙམ་མཉམ་ཞུགས་ཀྱིས། ༼ད་ལྟའི་བོད་ཀྱི་གནས་སྟངས་དང་ཧིན་བོད་བར་གྱི་འབྲེལ་ལམ་༽བཅས་ཀྱི་ཐོག་བགྲོ་གླེང་དང་གསུང་བཤད་གནང་འདུག

ཤེས་ཡོན་གྱི་ཆ་ཤས་སུ་གྱུར་པའི་ལས་འགུལ་དེའི་ཐོག ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་གསར་འགོད་འབྲེལ་མཐུད་པ་སྐུ་ངོ་བསྟན་འཛིན་ལེགས་བཤད་ལགས། སློབ་ཕྲུག་ཚོར་གསུང་བཤད་གནང་མཁན་ཆེད་དུ་གདན་འདྲེན་ཞུས་འདུག་པ་དང་། སྐབས་དེར་ཁོང་གིས། བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། ད་ལྟའི་གནས་བབ། ད་ལྟ་བོད་ནང་གི་གནས་སྟངས། བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་བཅས་ཀྱི་ཐོག་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་འདུག

བསྟན་འཛིན་ལེགས་བཤད་ལགས་ཀྱིས། ལོ་རྒྱུས་ནང་ཕྱི་ལོ་༡༩༥༩སྔོན་དུ་བོད་ནི་ཁྱིམ་མཚེས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཨུ་རུ་སུ་དང་། རྒྱ་གར། རྒྱ་ནག སོག་པོ་ནང་བཞིན་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ཕྱི་ལོ་དུས་རབས་༧པའི་ནང་བོད་ཀྱི་རྒྱལ་པོ་༣༢པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས། ནང་པའི་ཆོས་དང་ཡི་གེ་རྒྱ་གར་ནས་བོད་དུ་དར་བ་དང་། སྐབས་དེར་ཁོང་གི་བོད་ཡུལ་གཅིག་གྱུར་བཟོས།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་སུ་ནང་ཆོས་རྒྱ་གར་ནས་བོད་ལ་ནང་འདྲེན་བྱེད་པར། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་སམ་བྷ་བ་སོགས། རྒྱ་གར་ནས་མཁས་པ་མང་པོ་བོད་ལ་གདན་འདྲེན་ཞུས། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཆོས་རྒྱལ་མངའ་བདག་ཁྲི་རལ་པ་བཅས། ལོ་རྒྱུས་ནང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སྐབས་སུ་བོད་དེ་མངའ་ཐང་ཤིན་ཏུ་རྒྱས་པ་བྱུང་ལུགས་བཅས་འགྲེལ་བརྗོད་གནང་འདུག

ཡང་ཁོང་གིས་ཉེ་རབས་ཀྱི་ལོ་རྒྱུས་ནང་བོད་དེ་ས་སྐྱ་པས་དབང་སྒྱུར་བ་ནས་རྗེས་མཐུད་པའི་ཐོག་མར་ཏཱ་ལའི་བླ་མས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཚུལ་ནི། ༧གོང་ས་མཆོག་གི་༼ཏཱ་ལ་༽ཞེས་པའི་མཚན་དེ་༧རྒྱལ་བ་སྐུ་ཕྲེང་༢པ་དགེ་འདུན་རྒྱལ་མཚོའི་ཡང་སྲིད་བསོད་ནམ་རྒྱལ་མཚོར་མཆོག་ལ་སོག་པོ་ཨལ་ཐན་རྒྱལ་པོས་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞིག་ཡིན་པ་དང་། དེ་ནས་བཟུང་ཏཱ་ལའི་བླ་མ་མཆོག་ནི་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གྱུར།

ཕྱི་ལོ་༢༠༡༡ལོར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གིས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས། མི་མང་གིས་གསར་དུ་འོས་འདེམས་བྱས་པའི་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་གནང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་།

ཡང་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་དོན། ད་ལྟ་བོད་ནང་ཛ་དྲག་གི་གནས་སྟངས་དེའི་འོག ཁྱོན་བོད་མི་༧༨ལྷག་ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་བོད་ནང་འཛིན་པའི་སྲིད་བྱུས་ལ་མོས་མཐུན་མེད་པའི་འུ་ཐུག་ཐབས་ཟད་དེའི་འོག་རང་ལུས་མེར་སྲེག་གཏོང་གིན་ཡོད་པ་རེད་ཅེས་གསུངས་འདུག

ཡང་ཁོར་ཡུག་སྐོར་གསུངས་དོན། བོད་ནི་འཛམ་གླིང་གི་སྣེ་མོ་གསུམ་པར་འདོད་ཀྱི་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་རྡུལ་ཕྲན་གྱི་སྣུག་རོལ་ཚུན་པའི་འབག་རྩོག་མང་པོ་ཞིག་བོད་ཀྱི་ས་ཐོག་ཏུ་གཡུག་གིན་ཡོད་སྟབས། དེས་མཐོ་སྒང་བོད་ཀྱི་ཁོར་ཡུལ་ཙམ་མ་ཟད། ཨེ་ཤ་ཡའི་ཁོར་ཡུག་ལའང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག མཇུག་མཐར་ཁོང་གིས་བོད་ཀྱིན་གནད་དོན་ནི་བོད་པ་ཁོ་ནའི་གནད་དོན་མ་ཡིན་པར། བོད་ཀྱི་གནད་དོན་ནི་དམིགས་བསལ་རྒྱ་གར་གྱི་གནད་དོན་ཡང་ཆགས་ཡོད་པ་རེད་ཅེས་གསུངས་འདུག

དེ་ཉིན་ཧིན་བོད་འབྲེལ་མཐུད་ཚོགས་པས་སློབ་མ་ཚོར་བོད་ནང་གི་གནས་སྟངས་སོགས་ཀྱི་པར་རིས་འགྲེམས་སྟོན་དང་། གློག་བརྙན་བཅས་གཟིགས་འབུལ་ཞུས་ཡོད་པ་རེད། http://www.bbpsrohini.org/events.asp འདི་ནི་ལྡི་ལི་རོ་ཧི་ནི་ས་གནས་ Bal Bharati Public School བྷལ་བྷ་རཱ་ཊི་སྒེར་བཙུགས་སློབ་གྲྭའི་དྲ་རྒྱ་ཡིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།