དགོངས་ཚུལ།

ཡོ་རོབ་བོད་ཀྱི་གཞོན་ནུའི་ཚོགས་ཆེན་ཐེངས་གཉིས་པ་ཚོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༡༠ཉིན། ཟླ་འདིའི་ཕྱི་ཚེས་༦ཉིན། ཡོ་རོབ་ཁུལ་དུ་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༤༠༠ལྷག་སུ་ཝེ་ ཛིར་ལན་ཌི་རུ་འདུ་འཛོམས་ཀྱིས་ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཡོད་འདུག

གོང་ཚེས་ཉིན། ཡོ་རོབ་ཁུལ་དུ་ཡོད་པའི་ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་དང༌།  ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་ཁྲིམས་དཔོན་ཆུ་བདག་ཁོ་རིན་ལགས་གཉིས་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག

ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཕྱི་ལོ་༡༩༧༠ལོར་གསར་དུ་བཙུགས་པ་དང༌། འདས་པའི་ལོ་ངོ་༤༠རིང་ཡོ་རོབ་ཁུལ་གྱི་ཆེས་ཡོངས་ཁྱབ་དང་ལས་འགུལ་སྣ་མང་སྤེལ་མཁན་གྱི་བོད་ཀྱི་ཚོགས་པ་གཅིག་པུ་དེ་ཆགས་ཡོད་པ་དང༌། ཚོགས་པ་དེས་ཆབ་སྲིད་ལ་དོ་སྣང་ཆེ་བའི་བོད་རིགས་གཞོན་སྐྱེས་ཚོ་སྐྱེད་སྲིང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ། ཆོས་ལུགས་སོགས་སྲུང་འཛིན་དང༌། ཁོ་ཚོ་མ་འོངས་བོད་དོན་ལས་འགུལ་གྱི་སྣེ་འཁྲིད་དུ་ཆགས་འགྱུར་སྒོ་ཀུན་ནས་འབད་བརྩོན་གནང་བཞིན་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་ཡོ་རོབ་ཁུལ་ཡོངས་ནས་ཚོགས་མི་༤༠༠ལྷག་འདུ་འཛོམས་གནང་ཡོད་པ་དང༌། སྐབས་དེར་ཡོ་རོབ་ཀྱི་རྒྱལ་ཁབ་༩ཙམ་ནས་ཡོང་བའི་ཚོགས་ཞུགས་པ་༡༢༠ལྷག་གིས།  བོད་ནང་སྔ་གཞུག་ཏུ་བྱུང་བའི་རང་ལུས་མེར་བསྲེག་གི་གནད་དོན་དང་དེའི་ཐད་ལ་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཚོས་ནུས་པ་ག་རེ་འདོན་དགོས་པའི་སྐོར་སོགས་ལ་གཏམ་བཤད་དང་བགྲོ་གླེང་གནང་ཡོད་ལ། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་ཡོ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་བར་འབྲེལ་འདྲིས་ཡོང་བའི་ཆེད་དུ་ཡིན་འདུག

ཚོགས་འདུའི་མཛད་སྒོའི་ཐོག ཡོ་རོབ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ནོར་འཛིན་ལྷ་མོ་ལགས་ཀྱིས་ང་ཚོའི་ནུས་པ་གཅིག་ཏུ་སྒྲིལ་ནས་སོ་སོའི་རྒྱལ་ཁབ་ལ་ཞབས་འདེགས་དང་མ་འོངས་ལེགས་བཅོས་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་གསུང་བཤད་གནང་ཡོད་འདུག

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།