དགོངས་ཚུལ།

མི་མང་གི་བདེ་འཇགས་གཡུག་སྟེ་བརྒྱུད་ལམ་བཀག་སྡོམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༦ཉིན། ཕྱི་ཟླ་༣ཚེས་༣༠དང་༣༡ཉིན་གཉིས་རིང་བསྟུད་མར་རྒྱ་ནག་སན་ཏུང་ཞིང་ཆེན་ཌི་ཀྲུའུ་གྲོང་ཁྱེར་ལིན་ཅིན་རྫོང་ཀྲང་ཀན་སྡེ་བ་རུ། ཁ་ཆེ་མི་རིགས་དང་རྒྱ་མི་རིགས་གཉིས་བར་འཁྲུང་འཛིང་ཤོར་ཏེ། མི་མང་པོར་རྨས་སྐྱོན་དང་ཁང་ཁྱིམ་སོགས་ལ་གཏོར་བཅོམ་ཆེན་པོ་ཐེབས་ཡོད་འདུག

 

ཕྱི་ཟླ་༣ཚེས་༣༠ཉིན། རྒྱ་ནག་སན་ཏུང་ཞིང་ཆེན་ཌི་ཀྲུའུ་གྲོང་ཁྱེར་ལིན་ཅིན་རྫོང་ཀྲང་ཀན་སྡེ་བའི་རྒྱ་རིགས་ཡུལ་མི་ཚོས་ཁ་ཆེ་བ་འགའ་ལ་རྡུང་རྡེག་བཏང་ཏེ་རྨས་སྐྱོན་ཕོག་པར་བརྟེན། ཕྱི་ཚེས་༣༡ཉིན་གྱི་ཞོགས་པ་རྒྱ་ནག་གི་ཆུ་ཚོད་༩ཙམ་ལ། ཁ་ཆེ་བ་གཅིག་སྟོང་ལྷག་གིས་ལག་ཏུ་གྲི་དང་དབྱུག་པ་སོགས་ཐོགས་ནས་བུད་མེད་དང་ཕྲུ་གུ་ནས་བཟུང་རྒྱ་རིགས་ཡུལ་མི་ཚོར་བཅར་རྡུང་བྱས་ཏེ། ཡུལ་མི་༡༥ལྷག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་བ་དང་། དེ་བཞིན་རྒྱའི་ཚོང་ཁང་ཟ་ཁང་གི་སྒོ་དང་སྒེའུ་ཁུང་། ནང་གི་ཅ་ལག་བཅས་གཏོར་བཅོམ་བཏང་པ་སོགས་མི་རིགས་གཉིས་བར་འཁྲུང་འཛིང་ཆེན་པོ་བྱུང་ཡོད་ཀྱང་། ཉེན་རྟོག་པ་བརྒྱ་ལྷག་གིས་འཁྲུག་འཛིང་མཇུག་མ་རྫོགས་བར་དུ་ལྟད་མོ་བལྟས་ནས་བསྡད་ཡོད་འདུག

དེའི་སྐོར་རྒྱ་རིགས་ཡུལ་མི་ཞིག་གིས་ཝི་བྷོ་དྲ་བའི་ནང་དུ། ཡུལ་མི་ཚོས་སྲིད་གཞུང་ལ་བདེ་འཇགས་སྲུང་སྐྱོབ་དགོས་པའི་ཞུ་བ་བྱས་ཀྱང་། སྲིད་གཞུང་གིས་ཡུལ་མིའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཕར་བཞག་སྟེ། པར་ལེན་པ་སོགས་གནས་ཚུལ་ཕྱི་རུ་སྐྱེལ་བའི་བྱ་སྤྱོད་སྤེལ་མི་ཆོག་ཅེས་གསར་འགྱུར་བརྒྱུད་ལམ་ཚང་མ་བཀག་སྡོམ་ནན་པོ་བྱས་སོང་ཞེས་བརྗོད་འདུག

དེ་བཞིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་གསར་འགོད་པ་ཆའོ་ཡའི་ལགས་ཀྱིས། ཐེངས་སུམ་བཅུ་ལྷག་ལ་ལིན་ཅིན་རྫོང་སྲིད་གཞུང་གི་གཞུང་སྒྲུབ་ཁང་དུ་ཁ་པར་བཏང་ནས་ཐེངས་འདིའི་གནས་ཚུལ་གྱི་སྐོར་འདྲི་རྩིས་བྱས་ཡོད་ཀྱང་། ཁ་པར་གཏོང་ཐེངས་རེར་ཡར་བཀྱགས་ནས་སྐད་ཆ་ཅི་ཡང་མ་བཤད་པར་སྒོ་བརྒྱབ་པ་དང་། ཡང་ཁོང་གིས་སྡེ་བའི་མངགས་གཏོང་ཁང་དུ་ཁ་པར་བཏང་ནས་ད་ལྟ་གནས་ཚུལ་ཞི་འཇགས་སུ་སོང་ཡོད་མེད་དང་སྡེ་བའི་ནང་དམག་མི་བརྒྱ་ལྷག་སླེབས་ཡོད་པའི་སྐོར་དྲིས་པར། ལས་བྱེད་ཅིག་གིས་ངས་གསལ་བོ་ཤེས་མ་སོང་། ཁྱེད་རང་སུ་ཡིན། ཉེན་རྟོག་ཁང་ལ་སྐད་ཆ་དྲིས་ཞེས་བརྗོད་ཚར་མ་ཐག་ཁ་པར་སྒོ་བརྒྱབ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།