གསར་འགྱུར་གསར་པ།:

དགོངས་ཚུལ།

རྒྱ་ནག་གཞུང་གིས་བོད་ལ་རང་སྲིད་རང་སྐྱོང་སྤྲོད་འོས་པ།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ་༦པའི་ཚེས༣༠ཉིན་སྤེལ། ཌན་མེག་གིས་གྷི་རིན་ལན་ཌི་ལོ་ངོ་༣༠༠ལྷག་ལ་བཙན་བཟུང་དབང་བསྒྱུར་བྱས་རྗེས་རང་སྐྱོང་གི་གནས་བབས་ཆ་ཚང་སྤྲད་སྟེ། གྷི་རིན་ལན་ཌིའི་ཡུལ་མི་དག་ལ་རང་ཐག་རང་གཅོད་ཀྱི་ཁེ་དབང་ཐོབ་ཐང་དང་གྷི་རིན་ལན་ཌིའི་ཡུལ་སྐད་དེ་གཞུང་འབྲེལ་གྱི་སྤྱི་བཀོད་སྐད་ཡིག་ཏུ་བསྒྱུར་ཡོད་འདུག

ཌན་མེག་གིས་གྷི་རིན་ལན་ཌིའི་རྒྱལ་སྲུང་དང་ཕྱི་འབྲེལ་ལས་དོན་ཐད་མཐའ་མའི་ཐག་གཅོད་གནང་བ་ལས། གཞན་གྱི་རང་བྱུང་ཐོན་ཁུངས་དང་ནང་སྲིད་ཀྱི་ལས་རིགས་ཐམས་ཅད་གྷི་རིན་ལན་ཌིའི་ཡུལ་མི་དག་གིས་སྟངས་འཛིན་དབང་བསྒྱུར་བྱེད་པའི་བདག་དབང་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་བཙན་གནོན་དབང་བསྒྱུར་འོག་ཡོད་པའི་བོད་མི་རིགས་ལ་རྒྱའི་ཧན་མི་རིགས་དང་ཐ་དད་པའི་སྐད་དང་ཡི་གེ་ཡོད་པ་མ་ཟད། ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལྡན་མོད། རྒྱ་ནག་གཞུང་གིས་ད་དུང་ཡང་བོད་ལ་རང་སྲིད་རང་སྐྱོང་གི་གཞི་རྩའི་གནས་བབས་སྤྲོད་རྒྱུར་ཁས་ལེན་གཏན་ནས་བྱེད་ཀྱིན་ཡོད་པ་མ་རེད།

བོད་ནང་དུ་གྲངས་ལས་བརྒལ་བའི་རྒྱ་མི་ཡུལ་སྤོ་བ་སླེབས་ཡོད་རྐྱེན། བོད་ཀྱི་ཆོས་དང་ལེགས་བྱང་རྩ་སྟོང་དུ་འགྲོ་བའི་དཀའ་ཉེན་ཞིག་ཀྱང་རང་བཞིན་གྱིས་མཆིས། དེ་བས་བོད་ཀྱི་ཆོས་རིག་སྲུང་སྐྱོང་བྱེད་སླད། ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རང་བཙན་གྱི་འཐབ་རྩོད་དོར་ཏེ་བོད་ལ་ཚད་མཐོ་བའི་རང་སྲིད་རང་སྐྱོང་གི་གནས་བབས་སྤྲོད་དགོས་པའི་རེ་འདུན་རྒྱ་ནག་གཞུང་ལ་བཏོན་བཞིན་ཡོད་པ་རེད།

བོད་ཀྱི་རྒྱལ་ས་ལྷ་སའི་ཚོང་དོན་ལས་རིགས་མང་ཆེ་བ་རྒྱ་རིགས་ཚོང་གཉེར་བས་བདག་འཛིན་བྱས་ཡོད་པ་མ་ཟད། བོད་ནང་གི་དགོན་སྡེ་ཁག་འགྲེམས་སྟོན་ཁང་དང་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་དུ་གྱུར་ཡོད་འདུག མ་རྩ་རིང་ལུགས་ཀྱི་ཚོང་ལས་དཔལ་འབྱོར་སྲིད་བྱུས་ལག་བསྟར་དོན་འཁྱོེལ་བྱས་པ་ལྟར། རྒྱ་ནག་གཞུང་ལ་བཅོས་བསྒྱུར་ལེགས་སྤེལ་གཏོང་བའི་འཇོན་ནུས་ལྡན་མོད། རང་ཉིད་ཀྱི་བཙན་དབང་འོག་གནས་པའི་གྲངས་ཉུང་མི་རིགས་དག་ཨུ་རུ་སུའི་དམར་པོའི་མཉམ་འབྲེལ་གྱི་དབང་བསྒྱུར་ལམ་ལུགས་དང་ཆ་མཚུངས་པའི་རྒྱ་ནག་གི་སྒྲིག་ཁྲིམས་ལས་ཐར་ལམ་ཞིག་སྤྲོད་པར་རྒྱ་ནག་གཞུང་ལ་མོས་འདུན་ཡོད་མི་འདུག

རྒྱ་ནག་གཞུང་གིས་ཌན་མེག་ལ་མིག་དཔེར་བལྟས་ཏེ་བོད་ལ་ཚད་ལྡན་གྱི་རང་སྐྱོང་གི་གནས་བབས་སྤྲོད་པའི་དུས་ད་ལྟ་སླེབས་ཡོད་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།