ཨ་རིའི་གྲོས་ཚོགས་གོང་མས་བོད་དོན་གྲོས་ཆོད་བཞག་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༥ཉིན། ཉེ་ཆར་ཕྱི་ཟླ་༣པའི་ཚེས་༣༠བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་ནང༌། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་དང༌། གྲོས་ཚོགས་ནང་བོད་དོན་ཐད་དོན་ཚན་༦ཅན་གྱི་གྲོས་ཆོད་ཅིག་བཞག་ཡོད་པ་རེད།

གྲོས་ཆོད་དེའི་ནང༌།

༡། དྲག་གནོན་གྱི་སྲིད་བྱུས་འོག་རྐྱེན་འདས་སུ་ཕྱིན་པའི་བོད་མི་རྣམས་དང་ལྷག་པར་རང་ལུས་མེ་སྲེག་བཏང་ནས་འདས་གྲོས་སུ་ཕྱིན་པའི་བོད་མི་རྣམས་ལ་མྱ་ངན་ཞུ་རྒྱུ།

༢། བོད་ནང་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཁག་བཀག་འགོག་དང༌། བསྐྱར་བཟོས་ཆོས་ལུགས་དོ་དམ། དམ་དྲག་གྱི་སྲིད་བྱུས་ལག་བསྟར་བཅས་མཚམས་འཇོག་དང་། ༧གོང་ས་ཏཱ་ལའི་བླ་མ་ཐེ་བའི་བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་དང་འབྲེལ་མོལ་སླར་གསོ་བྱེད་དགོས།

༣། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་ཞི་རྒོལ་བ་རྣམས་དང༌། ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ་དང༌། དམ་དྲག་གང་ཡང་མེད་པའི་ཐོག་གསར་འགོད་པ་དང༌། ཕྱི་རྒྱལ་གྱི་ཕྱི་འབྲེལ་མི་སྣ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་བོད་ནང་དུ་འགྲོ་བསྐྱོད་བྱ་རྒྱུར་ཆོག་མཆན་སྤྲད་དགོས།

༤། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་མང་གཙོའི་ལམ་ལུགས་ལ་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་ལ་བསྔགས་བརྗོད་ཞུ་རྒྱུ།

༥། ཕྱི་ལོ་༢༠༡༡ཟླ་༣པའི་ཚེས་༢༠ཉིན་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་འགྲན་རྩོད་རང་བཞིན་གྱི་འོས་འདེམས་ནི། རང་དབང་དང་དྲང་བདེན་བྱུང་བར་དགའ་བསུ་འཚམས་འདྲི་ཞུ་རྒྱུ།

༦། ཨ་རིའི་མི་མང་དང༌། བོད་མི་དབར་གྱི་མཛའ་མཐུན་སྔ་བཞིན་འགྱུར་བ་མེད་པ་གནས་རྒྱུར་བསྐྱར་ནན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

དེ་སྔོན་ཕྱི་ལོ་༢༠༡༡ཕྱི་ཟླ་༧པའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ཕེབས་སྐབས་སུ། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས། བོད་ནང་དུ་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང༌། ཛ་དྲག་གི་གནས་སྟངས་དེའི་ཐད་ཨ་རིའི་གྲོས་ཚོགས་ནས་རྒྱབ་སྐྱོར་དང༌། དེ་བཞིན་བོད་མིའི་ཤེས་ཡོན་ཐོག་རོགས་རམ་གནང་དགོས་པའི་འབོད་སྐུལ་གནང་སྐབས། སྐབས་དེར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་བོད་ནང་དུ་ཛ་དྲག་གི་གནས་སྟངས་ཐད་གྲོས་ཆོད་ཅིག་འཇོག་རྒྱུར་བསམས་གཞིག་བྱ་རྒྱུ་ཡིན་ལུགས་དང༌། གཞན་ཡང་གྲོས་ཚོགས་འཐུས་མི་ཚོས་བོད་མིར་རོགས་རམ་གང་ཞིག་གནང་ཐུབ་ཀྱི་ཡོད་མེད་བཅས་ཀྱི་སྐོར་བཀའ་བློན་ཁྲི་པ་མཆོག་དང་གྲོས་བསྡུར་ཡང་གནང་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།