ཉི་ཧོང་གྲོས་ཚོགས་འཐུས་མི་༦༠ཡིས་བོད་དོན་གྲོས་ཆོད་བཞག་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༥ཉིན། ཉི་ཧོང་ནང་གི་བཀའ་ཁྲི་མཆོག་གི་གཟིགས་སྐོར་གྱི་ཉིན་མཐའ་མ་དེར། ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་ལྔ་ཡི་འཐུས་མི༦༠ཡིས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཙན་གནོན་སྲིད་བྱུས་མྱུར་ཏུ་མཚམས་འཇོག་ཡོང་བར་འབོད་སྐུལ་གྲོས་ཆོད་དོན་ཚན་ལྔ་ཅན་ཞིག་བཞག་ཡོད་འདུག

ཉི་ཧོང་ནང་གི་བཀའ་ཁྲི་མཆོག་གི་གཟིགས་སྐོར་གྱི་ཉིན་མཐའ་མ་དེར། ཉི་ཧོང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་ལྔ་ཡི་འཐུས་མི༦༠་དང་སྐུ་ཚབ་ ༣༥ བཅས་ལ་ཉི་འོང་གྲོས་ཚོགས་ལས་ཁུངས་ཤིག་གི་ནང་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་ཞིབ་ཕྲ་གསལ་བཤད་གནང་རྗེས་། གྲོས་ཚོགས་འཐུས་མི་ཚོས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཙན་གནོན་སྲིད་བྱུས་མྱུར་ཏུ་མཚམས་འཇོག་ཡོང་བར་འབོད་སྐུལ་གྲོས་ཆོད་དོན་ཚན་ལྔ་ཅན་ཞིག་བཞག་པ།

༡༽ང་ཚོས་བོད་ནང་ཕྱི་ལོ་ ༢༠༡༡ ཟླ་ ༣ པ་ནས་བཟུང་རང་ལུས་མེར་སྲེག་གཏོང་མཁན་མུ་མཐུད་ཡོང་བཞིན་པའི་དོན་རྐྱེན་དེར་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པ་དེས་ཡིན། དེར་བརྟེན་སྲིད་བྱུས་དེར་བསྐྱར་ཞིབ་ནན་པོ་ཞིག་བྱེད་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན། བོད་མིའི་གཞི་རྩའི་རང་དབང་དང༌། དགོན་སྡེ་ཁག་གི་ནང་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་པ། དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དང་སྐད་ཡིག་གཅིག་གྱུར་སོགས་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུ།

༢༽རྒྱ་ནག་གཞུང་གིས་ད་བར་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་དགེ་འདུན་པ་དང༌། སྐྱ་བོ་འཛིན་བཟུང་བྱས་པ་རྣམས་གང་ཡོད་པ་དང་ཁོ་ཚོའི་གཟུགས་པོའི་གནས་སྟངས་སོགས་གསལ་པོ་བཟོ་དགོས་པ།

༣༽རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་རྗེས་གསར་འགོད་པ་དང༌ཕྱི་རྒྱལ་མི་སྣ་བོད་ནང་བསྐྱོད་རྒྱུར་བཀག་འགོག་བྱེད་བཞིན་པ་དེར་ངོ་རྒོལ་གྱིས་བོད་ནང་གསར་འགོད་རང་དབང་དང༌། འགྲོ་བསྐྱོད་རང་དབང༌སྤྲོད་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན།

༤༽རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་དང་ཐད་ཀར་འབྲེལ་ལམ་བསྐྱར་གསོ་གནང་སྟེ་དོན་ཕན་ལྡན་པའི་འབྲེལ་མོལ་གང་མགྱོགས་འགོ་འཛུགས་བྱ་རྒྱུའི་ལས་གཞིའི་ཐོག་འབད་བརྩོན་གནང་རོགས་ཞེས་སྐུལ་མ་ཞུ་རྒྱུ།

༥༽རྒྱ་ནག་གཞུང་ནས་བོད་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་རྟོག་ཞིབ་མི་སྣ་གཟིགས་སྐོར་ཡོང་ཆེད་འབོད་སྐུལ་ཞུས་པ་དེར་དང་ལེན་གནང་སྟེ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་བྱེད་རྒྱུ་འཕྲལ་མར་མཚམས་འཇོག་བྱེད་དགོས་ཞེས་སོགས་འཁོད་ཡོད།

དེ་ཡང་གནད་དོན་དེའི་ཐོག་ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་ཉི་ཧོང་ནང་ད་བར་གྲོས་ཚོགས་འཐུས་མི་ཕོན་ཆེན་པོ་དེ་འདྲ་ལྷན་འཛོམས་གནང་སྟེ་བོད་དོན་ཐོག་སེམས་འཁུར་ཆེན་པོས་བགྲོ་གླེང་གནང་བ་མ་ཟད། གྲོས་ཆོད་ཀྱང་བཞག་ཐུབ་པ་འདི་ནི་ཉི་ཧོང་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད། དེར་བརྟེན་ད་ཐེངས་ལས་འགུལ་དེས་འབྱུང་འགྱུར་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཞུ་རྒྱུའི་ས་བོན་ཞིག་བཏབ་ཐུབ་པ་བྱུང་ཡོད། ཅེས་འགྲེལ་བརྗོད་གནང་ཡོད། ཕྱོགས་མཚུངས་སྐབས་དེར་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་གྲོས་ཚོགས་འཐུས་མི་ཚོ་གཙོ་བོར་གྱུར་བའི་སྐུ་ཚབ་འཐུས་མི་རྣམས་ཀྱི་་དྲི་བར་ལན་འདེབས་ཁ་གསལ་གནང་ཡོད།

དེ་ཉིན་སྔ་དྲོར་བཀའ་ཁྲི་མཆོག་དང་ཉི་འོང་གྲོས་ཚོགས་འཐུས་མི་ཁག་གཅིག་ལྷན་དུ་ཞོགས་ཟས་བཞེས་གནང་ཡོད་པ་མ་ཟད། དེ་ཉིན་ཕྱི་དྲོར་བཀའ་བློན་ཁྲི་པ་མཆོག་གིས་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་གསུང་བཤད་གནང་ཡོད་པ་རེད་བཅས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།