དགོངས་ཚུལ།

གསར་འགོད་ལྷན་ཚོགས་ཐོག་བོད་དོན་གསུང་བཤད་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༤ཉིན། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསར་འགོད་ལྷན་ཚོགས་ཐོག བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་འགྲེལ་བརྗོད་གནང་ཡོད་འདུག

ཉི་ཧོང་ནང་རྟེན་གཞི་བྱས་ཡོད་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ནས་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་པའི་ཐོག བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་དོན། འདས་པའི་མི་ལོ་༥༠ལྷག་གི་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དམངས་གཙོ་ལམ་ལུགས་ལག་བསྟར་དང་གོང་འཕེལ་ཡོང་བར་འབད་བརྩོན་ལྷོད་མེད་གནང་ཡོད་ལ། མ་འོངས་པ་ནའང་མུ་མཐུད་དེ་འབད་བརྩོན་བྱ་ཡིན་ཞེས་གསུངས་ཡོད་པ་དང༌། དེ་བཞིན་རྒྱ་གཞུང་གི་བཙན་གནོན་དམ་དྲག་འོག བོད་མི་སེར་སྐྱ་༣༣རང་ལུས་མེར་བསྲེགས་བཏང་ཡོད་པའི་སྐོར་གསུངས་དོན།

ད་ལྟའི་བར་བོད་རིགས་༣༣རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་གི་བཙན་གནོན་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་ལ། ང་ཚོ་ཚང་མ་འགྲོ་བ་མི་ཡིན་ལ། ཚེ་སྲོག་ཚང་མ་ལ་རྩ་ཆེན་པོ་ཆགས་བསྡད་ཡོད་པ་རེད། མི་སུ་གཅིག་ཀྱང་ཤི་འདོད་ཡོད་པ་མ་རེད། དེ་འདྲ་ཡིན་དུས་བོད་ནང་རང་ལུས་མེར་བསྲེག་གཏོང་བའི་གནས་ཚུལ་རིམ་པར་བྱུང་བཞིན་པ་དེ་ག་འདྲ་ཞིག་ཆགས་ཡོད་པ་རེད། ཁོ་ཚོའི་རེ་བ་ཉག་གཅིག་ནི་བོད་ནང་གི་ཛ་དྲག་གནས་སྟངས་དེ་འཛམ་གླིང་མི་མང་གིས་ཤེས་རྟོགས་ཡོང་བའི་ཆེད་དུ་རེད། འཛམ་གླིང་མི་མང་གིས་ཊོ་ནའི་ཤེ་ཡའི་རང་ལུས་མེར་བསྲེག་གི་དོན་རྐྱེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད་ཀྱང༌། བོད་ནང་གི་རང་ལུས་མེར་བསྲེག་གི་གནད་དོན་ཐོག་ག་རེ་བྱས་པ་རེད། བོད་མིའི་ཚེ་སྲོག་ཀྱང་འགྲོ་བ་མི་སྤྱི་མཚུངས་ལྟར་རྩ་ཆེན་པོ་རེད་ཅེས་སོགས་གསུངས་ཡོད་པ་དང༌། སྐབས་དེར་ཉི་ཧོང་གི་སྲིད་བློན་ཟུར་པ་ཚུད་པའི་ཆེད་ལས་པ་དང་ཤེས་ཡོན་པ་མང་པོ་འདུ་འཛོམས་གནང་ཡོད་འདུག

དེ་བཞིན་ཊོ་ཡོ་ནང་དུ་ཡོད་པའི་རྒྱ་རིགས་གསར་འགོད་པ་ཁག་ཅིག་ལའང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ། དེ་བཞིན་བོད་རྒྱ་འབྲེལ་མོལ་སོགས་ཀྱི་སྐོར་དྲི་བ་དྲིས་ལན་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།