བཀའ་ཁྲི་མཆོག་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་དང་མཇལ་མོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༤ཉིན། ཟླ་འདིའི་ཕྱི་ཚེས་༢ཉིན་གྱི་སྔ་དྲོ་བཀའ་ཁྲི་མཆོག་གིས་ཉི་ཧོང་སྲིད་བློན་ཟུར་པ་རྣམ་གཉིས་དང༌ཊོ་ཡོ་གྲོང་ཁྱེར་སྤྱི་ཁྱབ། དེ་བཞིན་ཕྱི་རྒྱལ་གསར་འགོད་པ་བཅས་ལ་མཇལ་མོལ་གནང་ཡོད་འདུག

དེ་ཡང་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ཉི་འོང་སྲིད་བློན་ཟུར་པ་ཨ་བི་ཤིན་ཛོ་དང༌། ཨ་སོ་ཏ་རོ་རྣམ་གཉིས། ཊོཀ་ཁྱོའི་གྲོང་ཁྱེར་སྤྱི་ཁྱབ་པ་ཨི་ཤི་ཧ་ར་ཤིང་ཏ་རོ་མཆོག་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུས་པ་དང་སྦྲགས། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད།

ཉི་འོང་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ནས་ཉིན་གུང་གསོལ་སྟོན་དང་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད་པའི་ཐོག་བཀའ་བློན་ཁྲི་པ་མཆོག་གིས་ཐོག་མར་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་སྐོར་དང༌། བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱུང་སྟངས། སྤྱི་ནོར་ྋགོང་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་སྐུ་དབང་མིང་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་མཛད་པའི་སྐོར། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་བཅས་ངོ་སྤྲོད་གནང་རྗེས་གསར་འགོད་པའི་འདྲི་བར་ལན་འདེབས་གནང༌། དེ་རྗེས་གསར་འགོད་པ་ཞིག་གིས་བོད་ནང་རང་ལུས་མེར་སྲེག་གཏོང་རྒྱུ་མཚམས་འཇོག་ཇི་ལྟར་བྱེད་ཐུབ་བམ་ཞེས་པའི་དྲི་བར་ལན་འདེབས་གནང་དོན།

བོད་ནང་རང་ལུས་མེར་སྲེག་གཏོང་རྒྱུའི་འགན་དང་དེ་མཚམས་འཇོག་རྒྱུའི་ཐབས་ལམ་ཡང་ཆ་ཚང་རྒྱ་ནག་གཞུང་ལ་ཡོད། གལ་སྲིད་རྒྱ་ནག་གཞུང་གིས་བོད་མི་ཚོར་གདུག་རྩུབ་གཏོང་རྒྱུ་མཚམས་འཇོག་བྱས་ན། རང་ལུས་མེར་སྲེག་གཏོང་རྒྱུ་རང་བཞིན་གྱི་མཚམས་ཆད་ཀྱི་རེད། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་ནས་བོད་མི་ཚོར་སོ་སོའི་མངོན་འདོད་ཇི་ཡིན་ཞུ་སའི་གོ་སྐབས་མེད་པ་མ་ཟད། ཐ་ན་ཞི་བའི་རྔམ་སྟོན་ཁྲོམས་སྐོར་ཚུན་ཆད་ཀྱང་བྱ་རྒྱུའི་གོ་སྐབས་མེད། འདི་ལོ་གཅིག་པུའི་ནང་བོད་མི་བརྒྱད་ཞི་བའི་ངོ་རྒོལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་དམར་གསོད་བཏང་བ་རེད།  གང་ལྟར་ཞི་བའི་ངོ་རྒོལ་དང༌། རྔམ་སྟོན་ཁྲོམས་སྐོར་བྱས་པ་ཡིནའང་རེད།

མཐའ་མའི་རྗེས་འབྲས་ནི་རྒྱ་ནག་གཞུང་གི་དྲག་གནོན་འོག་ལ་མནར་གཅོད་མྱོང་རྒྱུ་གཅིག་པ་རེད། གནས་སྟངས་དེ་འདྲའི་འོག་ནས་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་གི་ཡོད། དེར་བརྟེན་གོང་དུ་ཞུས་པ་ལྟར་འགན་དང་ཐབས་ལམ་གཉིས་ཀ་རྒྱ་ནག་གཞུང་ལ་ཡོད། ང་ཚོའི་ངོས་ནས་བོད་མི་ཚོར་འུ་ཐུག་གི་བྱ་སྤྱོད་རིགས་མ་སྤེལ་རོགས་ཞེས་རེ་སྐུལ་ཡང་ཡང་ཞུས་པ་ཡིན།

སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གི་ཁ་པར་དང་བརྒྱུད་ལམ་ཁག་ལ་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ང་ཚོའི་རེ་སྐུལ་དེ་ཚོ་གསན་ཐོས་ཀྱང་བྱུང་ཡོད་ཀྱི་མ་རེད་ཅེས་ལན་འདེབས་གནང༌།  དེ་བཞིན་གསར་འགོད་པས་བོད་རྒྱ་འབྲེལ་མོལ་ཀྱི་གནས་སྟངས་དང༌། ད་ལན་ཨི་ཤེ་ཡའི་རྒྱལ་ཁབ་ནང་ཕེབས་ཐེངས་དང་པོ་དེ་ཉི་འོང་ཡིན་དགོས་པའི་རྒྱུ་མཚན་སོགས་ཀྱིས་དྲི་བར་ལན་འདེབས་གནང༌། དེ་ཉིན་སྔ་དྲོ་ཉི་ཧོང་གི་གསར་འགོད་པར་གྲགས་ཅན་ (Ms. Yoshiko Sakurai)  མཆོག་གིས་ཅི་ཅི་ཞེས་པའི་དུས་དེབ་ཏུ་འགོད་ཆེད་བོད་ཀྱི་གནས་སྟངས་ཐོག་བགྲོ་གླེང་ཞེས་པའི་ཆེད་དོན་འདྲི་བར་ལན་འདེབས་གནང་ཡོད།

ཉི་འོང་སྲིད་བློན་ཟུར་པ་ཨ་བི་ཤིན་ཛོ་དང༌། ཨ་སོ་ཏ་རོ་རྣམ་གཉིས་དང༌། ཊོཀ་ཁྱོའི་གྲོང་ཁྱེར་སྤྱི་ཁྱབ་པ་ཨི་ཤི་ཧ་ར་ཤིང་ཏ་རོ་མཆོག་མཇལ་འཕྲད་གནང་སྐབས་ཚང་མས་བོད་མིའི་ཛ་དྲག་གནས་སྟངས་ཐོག་ལ་སེམས་འཚབ་དང༌། གདུང་སེམས་མཉམ་སྐྱེ་ཡོད་པ་གཅིག་མཚུགས་གསུང་གནང་འདུག་ཅེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།