རྒྱ་ནག་མི་མང་བོད་དང་ནུབ་ཕྱོགས་པའི་ཐོག་གོ་ནོར་ཐེབས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༣༡ཉིན། རྒྱ་ནག་མང་གཙོ་ལས་འགུལ་བ་རན་ཇེ་ཡིས་རྒྱ་ནག་གི་འགོ་ཁྲིད་ཚོར་སུ་གཅིག་གིས་སྐྱོན་བརྗོད་བྱེད་མི་ཆོག་ལ། མང་གཙོའི་འོས་འདེམས་ཟེར་བའི་འོས་ཤོག་བླུགས་པའི་ཐོབ་ཐང་སུ་གང་ལ་མེད། འོས་མིའི་འགྲན་རྩོད་ཟེར་བ་དེ་བས་ཀྱང་མེད་པ་གུང་ཁྲན་ཏང་གི་སྐྱོན་ཆ་ཆེ་ཤོས་རེད་ཟེར།

རེས་གཟའ་ཟླ་བ་ཞིག་གི་ཕྱི་དྲོར། ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་ཁཱར་ལི་སལ་བྷི་ལགས་ཀྱིས། རྒྱ་ནག་གི་མང་གཙོ་ལས་འགུལ་བ་སྐུ་ཞབས་རན་ཇེ་ལགས་ལ་བཅར་འདྲི་ཞུས་པའི་སྐོར་ཁོ་མོས།

ངེད་གཉིས་ཧ་ཅང་ལྷིང་འཇགས་པའི་ཇ་ཁང་ཞིག་ཏུ་སོང་ཏེ་ཚིག་ཇ་འཐུང་ཞོར་དུ་དགོང་དྲོ་ཞིག་གི་རིང་ཁ་བརྡ་བྱས་པ་དང་། ང་རང་གྲོང་ཁྱེར་མེར་བྷོན་དུ་གནས་སྤོས་ནས་ཟླ་༩མ་ལོན་པའི་ཡར་སྔོན་ནས་སྐུ་ཞབས་རན་ཇེ་ལགས་ངོ་ཤེས་ཀྱི་ཡོད་ལ། མར་མེའི་ཁྲོམ་སྐོར་སོགས་བོད་དོན་ལས་འགུལ་སྤེལ་ཐེངས་རེ་རེའི་ཁྲོད། ཁོང་གིས་མི་མང་ལ་མིག་ཆུ་དབང་མེད་དུ་ཤོར་བའི་གཏམ་བཤད་གནང་བ་མ་ཟད། སོ་སོའི་རྒྱལ་ཁབ་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ཆེད་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་འབུལ་མཁན་གྱི་མི་སྣ་རླབས་ཆེན་ཞིག་ཡིན་པས། དེ་རིང་ཁོང་དང་མཉམ་དུ་ཁོང་གི་མི་ཚེ་དང་བྱ་གཞག་སྐོར་གླེང་སློང་བྱེད་པའི་གོ་སྐབས་འདི་ཐོབ་པར་ཧ་ཅང་དགའ་སྤྲོ་ཆེན་པོ་དང་བཀའ་དྲིན་བླ་མེད་དུ་ཆེའོ།

ངས་ཐོག་མར་རྒྱ་ནག་མི་མང་གིས་མང་གཙོའི་ལམ་ལུགས་ལ་རེ་འདོད་ཆེན་པོ་བྱེད་ཀྱི་ཡོད་པའི་རྒྱུ་མཚན་དྲིས་པར་ཁོང་གིས། རྒྱ་ནག་མི་མང་དང་ནུབ་ཕྱོགས་པ་ཚོས་མི་འབོར་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ལ་གུང་ཁྲན་ཏང་གི་ལམ་ལུགས་དེ་འཚམ་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  འོན་ཀྱང་། མི་མང་ཆེ་བ་ཞིག་གིས་རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་ལ་གཏིང་ཟབ་ཀྱིས་རྒྱུས་ལོན་ཐུབ་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག རྒྱ་གཞུང་གིས་ཕྱི་ལོ་༡༩༤༩ལོ་ནས་བཟུང་དྲག་ཆས་ཀྱིས་སྲིད་དབང་བཙན་འཕྲོག་བྱས་ཏེ་གནད་དོན་མང་པོ་ཞིག་གསར་དུ་བཟོས་པ་རེད། འདས་པའི་མི་ལོ་༦༠གོང་ལོ་རབས་༥༠པའི་ནང་དུ། རྒྱ་གཞུང་གིས་ཉེས་མེད་རྒྱ་ནག་མི་མང་ཧ་ཅང་མང་པོ་དམར་གསོད་བཏང་ཡོད་ལ། རིག་གནས་གསར་བརྗེ་སྐབས་མི་གྲངས་༣༦༠༠༠༠ལྷག་དམར་གསོད་བཏང་ཡོད་པ་རེད། སྐབས་དེར་མའོ་ཙེ་ཏུང་གི་བཀའ་མངགས་འོག ན་གཞོན་ཚོ་བེད་སྤྱད་དེ་རྒྱའི་ཤེས་ཡོན་པ་ཚང་མ་དམར་གསོད་བཏང་ནས་མའོ་ཁོ་རང་བཙན་རྒྱལ་རིང་ལུགས་པའི་རྒྱལ་པོ་ཆགས་པ་རེད་ཅེས་དང་།

ཁོང་གིས་མུ་མཐུད་དུ། སྲིད་དབང་གི་སྐྱོན་ཆ་དེས་ལམ་ལུགས་དེ་རྒྱ་ནག་ལ་འཚམ་པོ་མེད་པ་བདེན་དཔང་བྱས་པ་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་ནང་འཚམ་པོ་མེད་པ་བདེན་དཔང་བྱས་པ་རེད། མི་མང་གིས་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སོགས་ལོངས་སུ་སྤྱོད་པ་དེ་སྤྱི་ཚོགས་དེའི་རྩ་བའི་གྲུབ་ཆ་རེད་ཅེས་གསུངས།

གུང་ཁྲན་ཏང་གི་སྐྱོན་ཆ་ཆེ་ཤོས་ག་རེ་རེད་ཅེས་དྲིས་པར། རྒྱ་གཞུང་གི་འགོ་ཁྲིད་ཚོར་སུ་གཅིག་གིས་སྐྱོན་བརྗོད་བྱེད་མི་ཆོག་ལ། མང་གཙོའི་འོས་འདེམས་ཟེར་བའི་འོས་ཤོག་བླུགས་པའི་ཐོབ་ཐང་སུ་གང་ལ་མེད། འོས་མིའི་འགྲན་རྩོད་ཟེར་བ་དེ་བས་ཀྱང་མེད་པ་སོགས། རྒྱ་ནག་གི་གནད་དོན་ཚང་མ་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱིས་བཟོས་པར་བརྟེན། མང་གཙོ་ནི་གནད་དོན་དེ་ཚོ་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་གཅིག་པུ་དེ་རེད་ཅེས་ཟེར།

རྒྱ་ནག་ནང་བོད་དང་ཡུ་གུར་མི་རིགས་ཀྱིས་ཞི་བའི་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་བཞིན་པའི་སྐོར་ལ་ཁོང་གིས་གསུངས་དོན། རྒྱ་གཞུང་གིས་དྲག་གནོན་བྱེད་མིན་ལ་མ་ལྟོས་པར་མི་མང་གིས་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་བཞིན་པ་དེས། མི་མང་གིས་རང་ཐག་རང་གཅོད་ཀྱི་ལམ་ཀ་འདེམས་ཀྱི་ཡོད་པ་གསལ་བོ་མཚོན་ཡོད། ཡིན་ནའང་། རྒྱ་གཞུང་གིས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོ་མི་གཤིས་ཀྱིས་དབུལ་བ་དང་ཤེས་ཡོན་གྱི་ཆུ་ཚད་དམན་པ་ཤ་སྟག་ཡིན་ཚུལ་སོགས་བརྗོད་ཀྱི་ཡོད་ཀྱང་། སྐད་ཆ་དེ་ཚོ་སྐྱག་རྫུན་རེད།

སྤྱིར་བཏང་བོད་ནང་གནད་དོན་མང་པོ་བྱུང་གི་ཡོད་ཀྱང་ང་དེ་ལ་ཧང་སངས་ཀྱིན་མེད།  རྒྱ་ནག་གི་མི་མང་པོས་ནུབ་ཕྱོགས་པ་ཚོས་བོད་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་ཤེས་ཀྱི་མི་འདུག ནུབ་ཕྱོགས་པ་ཚོས་རྒྱ་ནག་གི་ཐོག་ལ་དགྲ་ཡི་འདུ་ཤེས་འཛིན་གྱི་ཡོད་པའམ་ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྐོག་དངུལ་ལེན་གྱི་ཡོད་པའི་འདོད་ཚུལ་འཛིན་པ་སོགས། རྒྱ་ནག་མི་མང་བོད་དང་ནུབ་ཕྱོགས་པའི་ཐོག་གོ་ནོར་མང་པོ་ཐེབས་འདུག་ཅེས་དང་།

ཡང་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་སྐོར་ལ་ཁོང་གིས། སྤྱིར་བཏང་རྒྱ་བོད་མི་རིགས་གཉིས་བར་དུ་རྩོད་རྙོག་དེ་ཚོ་བྱུང་མེད་ན། མི་རིགས་གཉིས་མི་ལོ་སྟོང་ཕྲག་རིང་འཆམ་མཐུན་མཉམ་གནས་ཀྱིས་འཚོ་བ་རོལ་ནས་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་རེད། སྔོན་ཆད་མི་རིགས་གཉིས་ལ་སོ་སོས་དབུ་འཁྲིད་པའི་གཞུང་དང་བདག་དབང་བཅས་ཡོད། ཡིན་ནའང་། ད་ལྟ་འགོ་ཁྲིད་ཚང་མ་གུང་ཁྲན་ཏང་གིས་བསྐོ་གཞག་བྱེད་ཀྱི་ཡོད་ལ།  མི་འགའ་རེས་བོད་ལ་རང་སྐྱོང་གི་བདག་དབང་ཡོད་ཅེས་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་དེ་འདྲ་ཞིག་གཏན་ནས་མ་རེད། བོད་རང་སྐྱོང་ལ་བོད་རིགས་དཔོན་པོ་ཡི་མིང་གནས་ཡོད་ཀྱང་། ཐག་གཅོད་ཀྱི་དབང་ཆ་ཆ་ཚང་རྒྱ་གཞུང་གི་ལག་ཏུ་ཡོད་པ་རེད་ཅེས་གསུངས།

གལ་སྲིད་ཉིན་མ་ཞིག་ལ་གུང་ཁྲན་ཏང་གི་སྲིད་དབང་མགོ་གཏིང་སློག་པ་ཡིན་ན། རྒྱ་ནག་མང་གཙོ་ཚོགས་པས་རྒྱ་ནག་མི་མང་དང་བོད་རིགས་མི་མང་ལ་མང་གཙོའི་ལམ་ལུགས་ཇི་ལྟར་གཏན་འབེབས་གནང་རྒྱུ་ཡིན་ཞེས་དྲིས་པར། ཁོང་གིས། ང་ཚོས་ངེས་པར་དུ་འདུ་འཛོམས་རང་དབང་དང་སྨྲ་བརྗོད་རང་དབང་། ཆོས་ལུགས་དད་པ་རང་མོས་སོགས་མང་གཙོའི་རྩ་ཁྲིམས་ལག་བསྟར་བྱེད་པར་འབད་བརྩོན་བྱ་རྒྱུ་ཡིན། གནས་གང་ཞིག་ཡིན་ཡང་མི་མང་གིས་སོ་སོའི་མིག་མདུན་གྱི་ཡོད་ཚད་ལ་ཡིད་ཆེས་བྱེད་ཆོག དཔེར་ན། དུས་དེབ་དང་ཚགས་པར། རླུང་བརྙན་འཕྲིན་སོགས་ཚང་མར་སྟངས་འཛིན་མེད་པའི་ཐོག་ནས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་རྒྱུ་དང་། རྒྱ་ནག་མི་མང་བོད་དང་ནང་སོག ཤིན་ཅང་སོགས་སུ་བཙན་གྱིས་གནས་སྤོ་རུ་འཇུག་པ་སོགས་ཀྱི་སྲིད་བྱུས་མཚམས་འཇོག་བྱ་ངེས་ཡིན་ཞེས་གསུངས་འདུག

བོད་སྒྱུར་བ་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།