འཛམ་གླིང་མནར་གཅོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ།
མཐའ་མའི་བསྐྱར་བཅོས། (༣༠༡༩༩༩༠༨༠༠)
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས༢༥ཉིན་སྤེལ། བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འཛམ་གླིང་མནར་གཅོད་ཉིན་མོ་དྲན་གསོ་ཞུ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌།དེ་ཡང་གསར་འགོད་གསལ་བསྒྲགས་ཀྱི་ནང་དོན་གཙོ་བོ་ནི། སྤྱི་ཟླ༦པའི་ཚེས༢༦ནི་འཛམ་གླིང་མནར་གཅོད་ཉིན་མོ་ཡིན་པ་དང༌། ༡༩༩༧ཟླ་༦ཚེས༢༦ཉིན་མཉམ་སྦྲེལ་རྒྱལ་ཚོགས་མནར་གཅོད་གནད་དོན་གྱི་དམིགས་བསལ་ཁོངས་མི་ཎོ་ཨོྭ་ལགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མནར་གཅོད་འགོག་ཐབས་ཀྱི་ཆེད་དུ་གོམ་གང་མདུན་བསྐྱོད་དགོས་པའི་འབོད་བསྐུལ་ཞུས་པ་རེད་ལ། སྐབས་དེར་རྒྱལ་སྤྱིའི་མནར་གཅོད་སྡེ་ཚན་དང༌། འགྲོ་མ་མིའི་ཐོབ་ཐང་གི་ཆེས་མཐོའི་སྡེ་ཚན་སོགས་མཉམ་སྦྲེལ་རྒྱལ་ཚོགས་འབྲེལ་ཡོད་སྡེ་ཁག་ནས་ལོ་དེའི་ཟླ་༦པའི་ཚེས་༢༦རེ་གཟའ་ལྷག་པའི་ཉིན་ཡོངས་གྲགས་རྒྱལ་སྤྱིའི་མནར་གཅོད་འགོག་བསྡོམས་ཀྱི་སྤྱི་ཆིངས་དེར་དངོས་སུ་མིང་རྟགས་བཀོད་པ་རེད། དེ་ཉིན་ནས་བཟུང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རང་སོ་སོའི་རྒྱལ་ཁབ་ཀྱི་སྲིད་ཁྲིམས་དང༌། སྲིད་འཛིན། ཁྲིམས་འཛུགས་བཅས་ཀྱི་ཐོག་ནས་མནར་གཅོད་འགོག་བསྡོམས་ཐད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
དེ་དང་ཕྱོགས་མཚུངས་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་ནས་མི་ལོ་༥༠ འདས་པའི་དུས་རིམ་ནང་བོད་མི་ས་ཡ་གཅིག་ལྷག་མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་པོའི་འོག་རྐྱེན་ལམ་དུ་བརྫངས་པ་དང༌། ལྷག་པར་དུ། བོད་ཀྱི་བུད་མེད་དང་བྱིས་པ། རྒན་རྒོན་སོགས་ཁྲིམས་ལུགས་ཀྱིས་ཐད་ཀའི་སྲུང་སྐྱོབ་དགོས་པའི་སྐྱེ་བོ་དེ་རིགས་ལའང་དུད་འགྲོའི་འདུ་ཤེས་སུ་བཟུང་ནས། མཐོང་ཆུང་དང་ཁྱད་གསོད་རབ་དང་རིམ་པ་བྱས་ཡོད་པའི་དཔེ་མཚོན་ནི་དེ་སྔ་ལྷ་ས་སྟག་ཕྲུག་ཚོགས་པའི་བྱིས་པ་རྣམས་རང་ལོ་༡༣ ནས་ ༡༧ བར་ཡིན་རུང་ཁོང་ཚོ་ཕལ་ཆེ་བ་དམར་གསོད་བཏང་བ་མ་ཟད། འགའ་རེ་ཡ་ང་བའི་མནར་གཅོད་ལ་བཟོད་སྒོམ་མི་ཐུབ་པར་བཙོན་ཁང་ནང་རང་ཤི་རྒྱག་དགོས་བྱུང་ཡོད།
དེ་བརྟེན། མནར་གཅོད་འགོག་ཐབས་དང༌། འགྲོ་བ་མིའི་རིགས་འཇིགས་སྣང་ལས་སྐྱོབ་ཐབས། དེ་བཞིན་ད་ལྟ་བོད་ནང་དམྱལ་བ་མི་ཡུལ་དུ་འཕོས་པ་དང་འདྲ་བའི་ཡ་ང་བའི་གནས་སྟངས་བཅས་ལས་སྐྱོབ་ཆེད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལོ་ལྟར་བཙན་བྱོལ་ཀྱི་ཁོར་ཡུག་ནང་རྣམ་གྲངས་འདྲ་མིན་གྱི་ལས་འགུལ་ཚ་ཚ་འུར་འུར་གྱིས་སྤེལ་གྱི་ཡོད།
འདས་ལོར་རྒྱ་དམར་གུང་ཁྲན་ཏང་གི་ཀླ་ཀློའི་བྱ་སྤྱོད་འོག་བོད་མི་ཞི་རྒོལ་བ་ཚོ་སྡེབ་གསོད་དང༌། བཙོན་འཇུག་དྲག་བརྡུང༌། གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང༌། ཚེ་འདས་དམ་པ་དེ་དག་གི་ལོ་མཆོད་ཀྱི་ཆོས་ཕྱོགས་ཞུ་སྒོ། སློབ་གྲྭ་ཁག་ནང་ཆབ་སྲིད་བཙོན་པའི་རང་མྱོང་དྲིལ་བསྒྲགས། བཙོན་པའི་མྱོང་བྱང་གཏམ་བརྗོད་སྐོར་བསྐྱོད། མནར་གཅོད་སྐོར་གྱི་དཔྱད་གཏམ་རྩོམ་བསྐུལ། མནར་གཅོད་ཀྱི་འགྲེམས་སྟོན། དེ་འབྲེལ་རྒྱལ་སྤྱིའི་ཐོག་བཙོན་གནས་དྲིལ་བསྒྲགས། ལོ་ཡུན་རིང་བའི་ཆབ་སྲིད་བཙོན་པ་ཁག་གཅིག་གློད་གྲོལ་ཡོང་ཐབས་སོགས་འདི་ལོའི་ཟླ་༦པའི་ཚེས་༢༦ཉིན་ནས་དངོས་སུ་འགོ་བཙུགས་ཏེ་ལོ་འཁོར་གཅིག་ཧྲིལ་བོ་མནར་གཅོད་འགོག་བསྡོམས་ཀྱི་ལས་འགུལ་རིམ་པ་བསྟར་ཆགས་སུ་སྤེལ་རྒྱུར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གྲ་སྒྲིག་ཨང་གསར་བྱེད་བཞིན་པ་ཡིན། ཞེས་གསལ་འཁོད་གནང་ཡོད་འདུག