རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་གཞུང་ལ་འབོད་སྐུལ་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༣ཉིན། ཇེ་ནི་ཝཱ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཕྱི་ལོ་༢༠༠༩ལོ་ནས་བཟུང་ད་ལྟའི་བར་བོད་ནང་བོད་མི་༣༠ཡིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་གི་བཙན་གནོན་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པའི་སྐོར་གླེང་སློང་བྱས་ཡོད་འདུག

དེ་ཡང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་བརྗོད་རྒྱུར། ཕྱི་ལོ་༢༠༠༨ལོ་ནས་བཟུང་བོད་ཆོལ་ཁ་གསུམ་ནས་བོད་མི་འབོར་ཆེན་གྱིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་ལ། རྒྱ་གཞུང་གིས་མུ་མཐུད་དེ་དྲག་གནོན་བྱས་པར་བརྟེན། བོད་རིགས་མི་མང་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེངས་བཏང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་དང༌།  རྒྱ་ནག་བདེ་སྲུང་མི་སྣས་གང་བྱུང་མེ་མདའ་བརྒྱབ་ཏེ་ཉུང་མཐར་བོད་མི་ཞི་རྒོལ་བ་༣དམར་གསོད་དང་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད་ཅེས་དང༌།

ཡང་ཁོང་གིས། རྒྱ་གཞུང་གི་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་སོགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་གཏན་འབེབས་བྱས་ཡོད་ཀྱང༌། བོད་ཁུལ་དུ་སྨྲ་བརྗོད་རང་དབང་དང་ཆོས་དད་རང་མོས་སོགས་ལ་མུ་མཐུད་གཏོར་བཤིག་དང་སྟངས་འཛིན་རབ་དང་རིམ་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

སྐབས་དེར་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་གཞུང་ལ་ཛ་དྲག་འབོད་སྐུལ་གནང་དོན། ༡ བོད་ཀྱི་ཆོས་དད་རང་མོས་དང་སྨྲ་བརྗོད་རང་དབང༌། རིག་གནས་སྲུང་སྐྱོབ་ཀྱི་ཁེ་དབང་སོགས་སྟངས་འཛིན་བྱེད་པའི་སྲིད་བྱུས་མཚམས་འཇོག་བྱས་ཏེ་བོད་མིའི་འཁོན་སེམས་ཞི་བར་བྱེད་དགོས། ༢ རང་ལུས་མེར་བསྲེག་གཏོང་སྐབས་བཙན་ཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་བ་རྣམས་ཀྱི་གནས་སྟངས་ཤེས་སུ་འཇུག་དགོས། ༣ བོད་མི་དཀྱུས་མ་དང་ཆོས་ལུགས་མི་སྣ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་རྣམས་ཀྱི་གནས་ཚུལ་ཤེས་རྟོགས་ཡོང་དུ་འཇུག་དགོས།

༤ བོད་མིའི་སྤྱི་ཚོགས་ལ་དོ་ཁུར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་མི་སྣ་བར་དོན་སྙིང་ལྡན་པའི་གླེང་མོལ་བྱ་རྒྱུ་སླར་གསོ་བྱེད་དགོས། ༥ དྲག་ཆས་དམག་མིས་ཞི་རྒོལ་ལས་འགུལ་ཐག་གཅོད་བྱེད་སྐབས་དྲག་ཆས་མི་སྤྱོད་པར་རང་དབང་དང་དྲང་བདེན་གྱི་ཐོག་ནས་གནས་ཚུལ་རྟོག་ཞིབ་བྱེད་དགོས། ༦ གནས་ཚུལ་བྱུང་བའི་བོད་ཀྱི་ས་ཁུལ་ཁག་ཏུ་གསར་འགོད་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ཆེད་གཏོང་གིས་དོན་དངོས་རྒྱུས་ལོན་བྱེད་པར་ཆོག་མཆན་སྤྲོད་དགོས་ཞེས་འབོད་སྐུལ་གནང་ཡོད་འདུག

དེ་བཞིན་ཡོ་རོབ་མནའ་འབྲེལ་དང་ཨ་རི། འཇར་མན། ཧྥ་རན་སི། དབྱིན་ཇི། ཁ་ཎ་ཊ་སོགས་ཀྱིས་ཀྱང་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་སེམས་འཚབ་ཡོད་ལུགས་བརྗོད་འདུག

སྐབས་དེར་རྒྱ་གཞུང་གི་འཐུས་མི་ཚོགས་པས་རྒྱལ་སྤྱིའི་ཉེ་ཡང་ཚོགས་པ་སོགས་ཀྱི་སྐད་ཆ་ནི་གཞི་འཛིན་ས་གང་ཡང་མེད་པ་ཞིག་ཡིན་ལུགས་དང༌། མི་ལོ་༥༠ལྷག་གི་རིང་རྒྱ་གཞུང་གིས་ཐོག་མཐའ་བར་གསུམ་དུ་མང་གཙོའི་ལམ་ལུགས་རྒྱ་བསྐྱེད་བཏང་ཡོད་པ་མ་ཟད། བོད་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལུགས་བརྗོད་ཡོད་འདུག

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།