༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་རྒྱུར་གསོལ་འདེབས་ཞུ་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༣ཉིན། ཐའེ་ཝན་གྱི་ཚོགས་པ་ལྔ་ཡིས་གོ་སྒྲིག་གནང་བའི་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་གནས་སྟངས་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཐོག ༧གོང་ས་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་པར་གསོལ་འདེབས་ཞུ་རྒྱུ་ཡིན་འདུག

ཐའེ་པའེ་དུས་བབ་ཀྱི་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་དེ་ནི། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དང་ཐའེ་ཝན་རིག་གནས་སྤེལ་རིས་ཚོགས་པ། ཐའེ་ཝན་གྱི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་མནའ་འབྲེལ། ཐའེ་ཝན་བོད་རང་དབང་སློབ་ཕྲུག་མནའ་འབྲེལ། ཐའེ་ཝན་བོད་མིའི་ཕན་བདེ་ཚོགས་པ་བཅས་ཀྱིས་གོ་སྒྲིག་གནང་བ་ཡིན་ལ། སྐབས་དེར་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་གནས་སྟངས་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་ལྟར། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཕེབས་ཏེ་༼བོད་དང་རྒྱ་ནག་ནང་གི་མང་གཙོ་༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་བཀའ་དྲིན་བསྐྱང་པར་གསོལ་འདེབས་ཞུ་རྒྱུ་ཡིན་འདུག

དེ་ཡང་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ལས་འཆར་འགན་འཛིན་ཅོ་ཌ་ཧྥུ་ཡིས་ཐའེ་པའེ་དུས་བབ་ལ་བརྗོད་དོན། ལོ་གཅིག་རིང་བོད་ནང་ཉུང་མཐར་བོད་མི་༣༠ཡིས་རང་ལུས་མེར་བསྲེགས་བཏང་བ་དང་། དེ་དག་ལས་མི་༢༠འདས་གྲོངས་སུ་གྱུར་བ་སོགས་བོད་ནང་གི་གནས་བབ་ཧ་ཅང་ཛ་དྲག་པོ་དང་འཇིགས་སུ་རུང་བ་ཞིག་རེད། རང་ལུས་མེར་བསྲེགས་བཏང་བའི་གྲངས་འབོར་མུ་མཐུད་ནས་འཕར་བཞིན་པ་དེའི་ཐོག་ནས།  རྒྱ་གཞུང་གིས་སྒྲོག་གིན་པའི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་ཅེས་པའི་སྲིད་བྱུས་དེས་བོད་མི་ཚོར་ཉིན་རེ་བཞིན་བཙན་གནོན་དང་དམ་དྲག་གི་གནས་བབ་ཤུགས་ཆེ་རུ་གཏོང་བཞིན་པ་གསལ་བོ་མཚོན་ཐུབ་ངེས་རེད་ཅེས་དང་།

ཡང་ཁོང་གིས། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་རྒྱུའི་གདན་ཞུའི་ཡིག་ཆ་ཐའེ་ཝན་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་འབུལ་རྒྱུ་ཡིན་པ་དང་།  ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ལན་འབྱོར་རྗེས་གཞི་ནས་བགྲོ་གླེང་གི་དུས་ཚོད་གཏན་འཁེལ་བྱ་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག

མཱ་ཡིན་ཅུ་སྲིད་གཞུང་གིས་༧མགོན་པོ་གང་ཉིད་ལ་མཐོང་མཆན་ཕུལ་རྒྱུ་ཡིན་མིན་གྱི་སྐོར་ལ་ཐའེ་ཝན་གྱི་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡཱང་ཤན་ཧོང་གིས་བརྗོད་དོན། གལ་སྲིད་མཱ་ཡིན་ཅུ་སྲིད་གཞུང་གིས་མཐོང་མཆན་ཕུལ་བ་ཡིན་ན། འཛམ་གླིང་མི་མང་གིས་ཐའེ་ཝན་མང་གཙོའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་བཞིན་པ་དེ་མདུན་ཕྱོགས་སུ་གོམ་པ་ཆེན་པོ་གཅིག་སྤོས་བ་རེད་ལ། གལ་སྲིད་མ་ཕུལ་བ་ཡིན་ན། ཐའེ་ཝན་མང་གཙོའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་ཡོང་བར་གནོད་པ་སྐྱེལ་མི་སྲིད་ཀྱང་། མཱ་ཡིན་ཅུ་མང་གཙོ་རྩིས་མེད་དུ་གཏོང་བའི་སྲིད་འཛིན་ཞིག་ཏུ་གྱུར་བ་མ་ཟད།  སོ་སོའི་སྙན་གྲགས་ལ་གཏོར་བརླག་བཏང་བ་ཙམ་ལས་ཅི་ཡང་ཡོད་པ་མ་རེད་ཅེས་བརྗོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།