རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་བོད་དོན་ཞུ་གཏུགས་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༦ཉིན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༣ དང་ ༡༤ བཅས་ཉིན་སོ་སོར་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༩ སྐབས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་ཡིན་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེམས་འཚབ་ཆེན་པོས་དོ་སྣང་སྤྲོད་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུས་ཡོད།

དེ་ཡང་འཇིག་ཉེན་མི་རིགས་སྲུང་སྐྱོབ་ཚོགས་པའི་ (Society for Threatened Peoples) སྐུ་ཚབ་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་བོད་ནང་བོད་མི་ཚོས་བསྟུད་མར་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་དོན་ངོ་སྤྲོད་ཞུས་པ་དང་སྦྲགས། ལྷན་ཚོགས་ངོས་ནས་དེར་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་དོན། བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང༌། བོད་ནང་དུ་བོད་མི་ཚོར་ཆོས་དད་རང་དབང་སྤྲོད་དགོས་པའི་དགོས་འདུན་འདོན་བཞིན་ཡོད།

ཕྱོགས་མཚུངས་བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱ་མིས་བཙན་ཤེད་ཐོག་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ་དང༌། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་ཏེ་དགེ་འདུན་པར་གང་བྱུང་ཉེས་མིང་སྣ་ཚོགས་བཏགས་ཏེ་འཛིན་བཟུང་དང་དགོན་པ་ནས་ཕྱིར་འབུད། དེ་བཞིན་གང་བྱུང་བཙོན་དུ་བཅུག་པ་སོགས་ཀྱི་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན། ཞེས་གསུངས་པ་མ་ཟད། དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཟ་འབྲུ་རྟོག་ཞིབ་ཚོགས་པའི་འགན་འཛིན་སྐུ་ཞབས་ཨོ་ལི་ཝར་ཌི་ཤུ་ཁུཊར་ལགས་ཀྱིས་གསུངས་པ་ནན་བརྗོད་གནང་དོན། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་གིས་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་རྐྱེན་འཛམ་གླིང་ཕྱི་ཕྱོགས་དང་འབྲེལ་བ་ཆད་དེ་དེང་སྐབས་བོད་ནང་དུ་བོད་མི་ཚོའི་དངོས་ཡོད་གནས་ཚུལ་གསལ་རྟོགས་ཐུབ་རྒྱུར་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཡོད དེར་བརྟེན་བོད་མི་རྣམས་རྒྱ་གཞུང་གིས་དངོས་སུ་དྲིལ་བསྒྲགས་མ་བྱས་པ་ཙམ་ལས་དོན་དངོས་ཐོག་དམག་ཁྲིམས་འོག་ཚད་ལས་བརྒལ་བའི་དཀའ་སྡུག་མྱོང་བཞིན་ཡོད་ཅེས་གསུངས།

ཕྱོགས་མཚུངས་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་ཞུ་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་ཛ་དྲག་འབོད་སྐུལ་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་པ་ཆེད་གཏོང་གིས་དངོས་ཡོད་གནས་ཚུལ་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

གཞན་ཡང་སྐབས་དེར་སུད་སི་བོད་ཀྱི་བུད་མེད་ཚོགས་པའི་སྐུ་ཚབ་དང་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་ཨེ་ཤི་ཡ་གདོད་མའི་མི་རིགས་སྲུང་སྐྱོབ་ཚོགས་པའི་(Asian Indigenous and Tribal People’s Network) སྐུ་ཚབ་ངག་དབང་བྲག་དམར་རྒྱ་དཔོན་ལགས་ཀྱིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་ཡོད།

དེ་བཞིན་གསར་འགྱུར་རང་དབང་འཐབ་རྩོད་པ་(The Press Emblem Campaign)ཞེས་པའི་སྐུ་ཚབ་འཐུས་མི་སྐུ་ཞབས་(Mr Gianfranco Fattorini)ལགས་ཀྱིས་རྒྱ་ནག་གཞུང་གིས་འདི་ལོ་ཕྱི་ཟླ་ ༢ ཚེས་ ༢༠ ནས་ཕྱི་ཟླ་ ༣ ཚེས་ ༣༡ བར་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེ་བཞིན་སི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་སོགས་ཀྱི་ནང་ཕྱི་མི་ནང་དང༌། ནང་མི་ཕྱིར་འགྲོ་བསྐྱོད་ཀྱི་རང་དབང་ལ་དམ་བསྒྲགས་བྱ་རྒྱུ་གཞུང་འབྲེལ་ཐོག་དྲིལ་བསྒྲགས་བྱས་པར་ཧ་ཅང་སེམས་འཚབ་ཡོད་སྐོར་གསལ་བཤད་གནང་ཡོད།

དེ་བཞིན་ཕྱི་ཚེས་ ༡༣ ཉིན་རྒྱབ་གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་ཟུར་དུ་ལྷན་ཚོགས་གནང་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་བགྲོ་གླེང་ལྷུག་པོ་གནང་བ་མ་ཟད། སྐབས་དེར་སྐར་མ་ ༦ རིང་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གློག་བརྙན་ཞིག་ཀྱང་བསྟན་ཡོད། གློག་བརྙན་དེ་ནི་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་དོགས་གཞི་ཅན་གྱི་བོད་མི་རྣམས་ལ་རྒྱ་མིའི་དམག་མིས་བཙན་འཁྲིད་བྱས་ཚུལ་དང་རང་ལུས་མེར་སྲེག་བཏང་བའི་གློག་བརྙན་ཁག་གཅིག་ཡིན་འདུག

བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།