རྒྱ་རིགས་མི་མང་གིས་ཀྱང་མནར་གཅོད་མྱོང་བཞིན་ཡོད་པ་རེད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༢ཉིན། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་གྱི་ནང་དུ་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ས་བྱི་ལོའི་ཞི་རྒོལ་བྱུང་ནས་མི་ལོ་༤འཁོར་བ་དང་གསུམ་བཅུའི་དུས་དྲན་༥༣པ་སྲུང་བརྩི་ཞུས་ཡོད་འདུག

སྐབས་དེར་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་བྱས་ཡོད་པ་མ་ཟད། ས་གནས་བོད་མིའི་འགོ་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང༌། ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་མའི་ཆལ་ཌན་བྷེ་མཆོག་དང་གྲོས་ཚོགས་ཀྱི་སྐུ་ཞབས་ཊོམ་སོན་མཆོག རྒྱ་ནག་མང་གཙོ་ཚོགས་པའི་ཇོར་ཇེ་ཝོལ་མཆོག་དང་ཧྥན་རོན་ཇེ་མཆོག ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཞབས་ཨེ་ལེ་སོན་རཱ་བྷ་ཤི་མཆོག དེ་བཞིན་མེལ་བྷོན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་སྒྲོན་དཀར་ལགས་བཅས་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་རྒོལ་གནང་ཡོད་འདུག

སྐུ་ཞབས་ཊོམ་སོན་ལགས་ཀྱིས་བོད་ནང་གི་བོད་མིའི་གནས་སྟངས་སོགས་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱ་ནག་སྟོབས་ལྡན་དུ་འགྱུར་བཞིན་ཡོད་ཀྱང༌། འགན་ལེན་ཡོད་པའི་ཐོག་ནས་སྟོབས་ལྡན་དུ་འགྱུར་དགོས་པ་རེད་ཅེས་སོགས་གསུངས་ཡོད་པ་དང༌། དེ་བཞིན་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ཌན་བྷེ་མཆོག་གིས་ཀྱང་ཐོག་མཐའ་བར་གསུམ་དུ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་གསུང་བཤད་གནང་ཡོད་འདུག

དེ་རྗེས་རྒྱ་ནག་མང་གཙོ་ཚོགས་པའི་སྐུ་ཞབས་ཇོར་ཇེ་ཝོལ་མཆོག་གིས། རྒྱ་གཞུང་གི་བཙན་གནོན་འོག སྡུག་བསྔལ་དང་མནར་གཅོད་མྱོང་མཁན་བོད་ནང་གི་བོད་རིགས་སྤུན་ཟླ་ཚོ་ཁོ་ན་མ་ཡིན་པར་རྒྱ་མི་རིགས་ཀྱིས་སྡུག་བསྔལ་གཅིག་མཚུངས་མྱོང་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས། ང་ཚོས་འཛམ་གླིང་མི་མང་ལ་བོད་མི་རིགས་དང་རྒྱ་རིགས་མི་མང་གིས་དཀའ་སྡུག་མྱོང་བཞིན་པ་གསལ་སྟོན་བྱེད་དགོས་ཞེས་གསུངས་ཡོད་འདུག

གཞན་ཡང༌། ཞི་བའི་ངོ་རྒོལ་ལས་འགུལ་དེ་ཁན་བྷར་ར་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དང༌། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ནའི་དང་བྷར་སུ་བྷན། ཕར་ཊི་སོགས་སུ་ཞི་བའི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཧོ་བྷར་ཊིའི་གྲོས་ཚོགས་ཀྱི་མདུན་དུ་མར་མེའི་ཁྲོམ་སྐོར་བྱས་པ་སོགས་ཨོ་སི་ཊོ་ཡི་ལའི་རྒྱལ་ཡོངས་བརྙན་འཕྲིན་སི་བྷི་སི་(SBS)ཞེས་པའི་ནང་དུ་ཡང་བསྟན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།