བོད་མི་འགའ་བོད་དོན་དྲིལ་བསྒྲགས་ཆེད་ཐའེ་ཝན་དུ་ཕྱིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༩ཉིན། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་གོ་སྒྲིག་འོག བོད་ཀྱི་དུས་སྟོན་ཞེས་པའི་ཐོག དྷ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་དང་གནད་ཡོད་མི་སྣ་ཁག་ཅིག་ཆེད་དུ་གདན་འདྲེན་གྱིས་བདུན་ཕྲག་གཉིས་རིང་བོད་དོན་དྲིལ་བསྒྲགས་གནང་བཞིན་པའི་སྐོར་ལ། འདི་ག་གསར་ཁང་གིས་ཆེད་བཅར་མི་སྣ་འགའ་དང་གོ་སྒྲིག་པ་བཅས་ལ་བཅར་འདྲི་ཞུས་ཡོད།

ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཀྲུའུ་མའི་ལི་ལགས་ཀྱིས་བརྗོད་དོན། ང་རང་ཐའེ་ཝན་གྱི་མི་ཡིན། ངས་བསྟུད་མར་ལོ་ངོ་༤རིང་ཐའེ་ཝན་ནང་དུ་བོད་དོན་ཐོག་ལས་ཀ་བྱས་པ་ཡིན། ཐའེ་ཝན་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་པོ་དེ་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་ཡིན་ལ། ཚོགས་པ་འདིའི་ཚོགས་མི་ཚང་མ་བོད་མིའི་རང་དབང་དང་འཐབ་རྩོད་ཐད་དོ་ཁུར་ཆེན་པོ་གནང་མཁན་རྐྱང་རྐྱང་ཡིན།

ད་ལོའི་ཕྱི་ཟླ་༢པའི་ཟླ་མཇུག་ནས་ད་ལྟའི་བར་དུ་ང་ཚོས་གཞས་ཞབས་བྲོ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྟོན་བྱས་པར་ཐའེ་ཝན་མི་མང་གིས་དོ་སྣང་མི་དམན་པ་བྱས་སོང་བ་མ་ཟད། རིག་གཞུང་འགྲེམས་སྟོན་དེ་བརྒྱུད་ནས་ཐའེ་ཝན་གྱི་མི་མང་པོ་ང་ཚོའི་ལས་འགུལ་ནང་དུ་མཉམ་ཞུགས་དང་ང་ཚོའི་གྲོགས་པོ་རྙིང་པ་ལྟ་བུ་ཞིག་ཏུ་གྱུར་སོང་བས། ད་ལོའི་སུམ་བཅུའི་དུས་དྲན་སྐབས་སྔར་ལས་ཐའེ་ཝན་གྱི་མི་མང་པོས་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཆེན་པོ་ཡོད།

ཐེངས་འདིར་ང་ཚོས་རྒྱ་གར་དྷ་རམ་ས་ལ་ནས་བོད་མི་སྐྱབས་བཅོལ་བ་འདི་འདྲ་མང་པོ་ཞིག་གདན་འདྲེན་ཞུས་པ་ཐོག་པ་དེ་ཡིན་ལ། དུས་གཅིག་ཏུ་མི་འདི་འདྲ་མང་པོ་ཞིག་ལ་ཐོངས་མཆན་ཞུ་རྒྱུ་སོགས་ལས་ཀ་འདི་འདྲ་མང་པོ་ཞིག་གོ་སྒྲིག་བྱེད་རྒྱུར་དཀའ་ཚེགས་ཆེན་པོ་འདུག་ཀྱང་། དཀའ་ཚེགས་ཐམས་ཅད་ལ་གདུང་ལེན་གྱིས་ང་ཚོའི་ལས་གཞི་ཁག་གྲུབ་དང་འགྲུབ་བཞིན་པར་ཧ་ཅང་དགའ་བོ་བྱུང་།

གླུ་གར་འཁྲབ་སྟོན་ཐོག་ལྟད་མོ་བ་༥༠༠ལྷག་འདུ་འཛོམས་གནང་སོང་ལ། ལྟད་མོ་བ་མང་པོས་ཐོག་དང་པོར་བོད་ཀྱི་གླུ་གར་མཐོང་ཐོས་བྱུང་བ་ཡིན་ཞེས་དགའ་ཚོར་ཆེན་པོ་འདུག དུས་སྟོན་འདིའི་དམིགས་ཡུལ་ནི་གླུ་གར་སྒྱུ་རྩལ་སོགས་ལ་དགའ་བའི་མི་སྣ་མང་པོ་གནས་གཅིག་ཏུ་འཛོམས་སྟེ། ཕན་ཚུན་ལ་བསམ་བློ་དང་རིག་གནས་སྒྱུ་རྩལ་སོགས་སྤེལ་རེས་བྱེད་པའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་ཞེས་བརྗོད་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་ཕྱོགས་སྐྱོད་ཀྱི་ལས་རིམ་ཁག་འགྲེལ་བརྗོད་གནང་དོན། ང་རང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཡིན་པའི་ཆ་ནས་དམིགས་བསལ་གྱིས་ཐའེ་ཝན་གྱི་མཐོ་སློབ་ཁག་གི་སློབ་མ་ཚོ་དང་མཉམ་དུ། གཞོན་སྐྱེས་ཚོའི་བོད་དོན་འཐབ་རྩོད་ཐད་ཀྱི་འགན་འཁུར་དང་ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་བོད་རང་དབང་འཐབ་རྩོད་ག་འདྲ་བྱེད་ཀྱིན་ཡོད་མེད་སོགས་ཀྱི་སྐོར་གླེང་མོལ་ཡག་པོ་བྱུང་། ད་ལྟ་བར་ཐའེ་ཝན་གྱི་མཐོ་སློབ་ཆེ་ཁག་གསུམ་ཙམ་གྱི་ནང་དུ་འགྲོ་ཐུབ་པ་བྱུང་ལ། ད་དུང་མཐོ་སློབ་གཅིག་གི་ནང་དུ་འགྲོ་རྒྱུ་ལྷག་བསྡད་ཡོད་པ་རེད།

དེ་བཞིན་ང་ཚོས་ཐེངས་འདིའི་གོ་སྐབས་བཟུང་ནས་ཉིན་གསུམ་བཞིའི་གོང་དུ་ཐའེ་ཝན་གྲོས་ཚོགས་འཐུས་མི་ཆེ་ཁག་༧ཙམ་ལ་ཆེད་བཅར་ཞུས་ཤིང་།  ཁོང་ཚོས་བོད་དོན་གལ་ཆེན་དོན་ཆེན་དུ་བཟུང་ནས་ད་ལྟའི་བར་བོད་མི་སེར་སྐྱ་མང་པོས་རང་ལུས་མེར་བསྲེགས་བཏང་བའི་སྐོར་གླེང་སློང་གནང་ཡོད་པ་མ་ཟད། གྲོས་ཚོགས་ནང་བོད་ཀྱི་རྒྱལ་དར་བཀྲམ་ཐུབ་པ་བྱུང་། དེ་བཞིན་སང་ཉིན་སུམ་བཅུའི་དུས་དྲན་ཉིན་མོར་ང་ཚོས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་ལ། ད་ལྟ་ང་ཚོས་དམིགས་བསལ་གྱིས་ཐའེ་ཝན་གྱི་སློབ་ཕྲུག་ཚོར་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་ཀྱིས་ཐའེ་ཝན་གྱི་གཞོན་སྐྱེས་སློབ་མ་ཚོ་དང་བོད་པའི་སློབ་ཕྲུག་བར་ཕན་ཚུན་འབྲེལ་བ་བཟོ་རྒྱུ་དང་། དེ་བཞིན་ཐའེ་ཝན་གྱི་མཐོ་སློབ་ཁག་གི་ནང་དུ་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་འགྲོ་དང་འགྲོ་བཞིན་པ་རེད་ལ། མ་འོངས་པར་ཡང་རེ་བ་ཆེན་པོ་འདུག་ཅེས་བརྗོད་འདུག

ཡང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས་བརྗོད་རྒྱུར། ང་རང་ཐའེ་ཝན་གྱི་མཐོ་སློབ་ཁག་བཞི་ཡི་ནང་དུ་སོང་བ་ཡིན་ལ། དེ་དག་ལས་མཐོ་སློབ་གཉིས་ཐའེ་ཝན་ནང་སྐད་གྲགས་ཡོད་པའི་མཐོ་སློབ་གཉིས་རེད། ད་ལྟའི་བར་ང་རང་ཐེངས་གཉིས་ལ་སོང་བ་ཡིན། སྤྱིར་བཏང་མཐོ་སློབ་ཁག་ཏུ་བོད་དོན་སྐོར་གླེང་སློང་བྱེད་སྐབས་སློབ་མ་ཚོར་རྦད་དེ་དོ་སྣང་མེད་པ་དང་འབྲེལ་བ་གང་ཡང་མེད་པའི་རྣམ་འགྱུར་ཤུགས་ཆེན་པོ་ཆགས་འདུག དེ་ཡིས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། ང་ཚོའི་བོད་དོན་དྲིལ་བསྒྲགས་ཀྱིས་གཏན་ནས་འདང་གི་མེད་པ་གསལ་བོ་མཚོན་གྱི་ཡོད་པ་རེད་ཅེས་སོགས་བརྗོད་འདུག

དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཟུར་པ་ངག་དབང་འོད་འབར་ལགས་ཀྱིས། ང་རང་གི་བརྗོད་གཞི་གཙོ་བོ་དེ་བོད་ཀྱི་ཁོར་ཡུག་གི་སྐོར་ལ་རེད། ཕྱི་ཟླ་༣པའི་ཚེས་༨ཉིན། ངས་བོད་ཀྱི་ཁོར་ཡུག་སྒང་ལ་སྐད་ཆ་བཤད་པ་ཡིན་ལ། དེ་བཞིན་ཐེངས་འདིའི་གོ་སྐབས་བརྒྱུད་ང་ཚོས་བོད་ཀྱི་གླུ་གར་འཁྲབ་སྟོན་སོགས་ལས་གཞི་མང་པོ་ཡོད། གཞན་ཡང་། འབྱུང་འགྱུར་ཐའེ་ཝན་མང་གཙོ་ཡར་རྒྱས་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་གཙོར་ལངས་མཁན་གྱི་འོས་མི་ཞིག་དང་ཐུག་འཕྲད་བྱས་ཏེ། བོད་ནང་རང་ལུས་མེར་བསྲེགས་བཏང་བའི་བོད་མི་༢༦དང་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་ཆབ་སྲིད་བཙོན་པ་སོགས་བོད་ནང་གི་གནས་སྟངས་ཁག་འགྲེལ་བརྗོད་ཞུས་ཡོད་ལ། སང་ཉིན་སུམ་བཅུའི་དུས་དྲན་ཡིན་དུས་ང་ཚོའི་ལས་འགུལ་གྱི་ནང་དུ་འོས་མི་ཁོང་ཡང་མཉམ་ཞུགས་གནང་རྒྱུ་ཡིན་ཞེས་བརྗོད་སོང་།

དོན་དག་གལ་ཆེ་ཤོས་ཤིག་ནི་ངས་བོད་ཀྱི་ཁོར་ཡུག་སྐོར་ལ་སྐད་ཆ་བཤད་སྐབས།  ཐའེ་ཝན་ལྗང་ཁུ་ཚོགས་པའི་མི་སྣ་ཞིག་ཚོགས་བཅར་གནང་ཡོད་པ་མ་ཟད། ཁོང་གིས་བོད་ཀྱི་དཀའ་ངལ་དེ་བོད་གཅིག་པུའི་དཀའ་ངལ་ཞིག་མ་ཡིན་པར་འཛམ་གླིང་ཆ་ཚང་གིས་འགན་འཁུར་དགོས་པའི་གནད་དོན་ཞིག་ཡིན་པར་བརྟེན། ཁོ་རང་ལ་ཆ་བཞག་ན། ད་ལོ་༢༠༡༢ལོའི་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་གཞུང་འབྲེལ་ཆེད་བཅར་གནང་རྒྱུ་ཡིན་པས། བོད་ཀྱི་ཁོར་ཡུག་གནས་སྟངས་རྒྱལ་སྤྱིའི་སྒང་གླེང་སློང་གནང་རྒྱུ་ཡིན་པས་དེའི་སྐོར་གྱི་ཡིག་ཆ་སྤྲད་རོགས་གནང་གསུངས་སོང་བས། ངས་བོད་ཀྱི་འཁྱག་རོམ་ཞུ་བ་དང་གཏེར་ཁ་སྔོག་འདོན་སྐོར་གྱི་ཡིག་ཆ་ཆ་ཚང་ཞིག་ཕུལ་རྒྱུ་བྱུང་བས་དེ་ཞེ་དྲག་ཡག་པོ་བྱུང་སོང་ཞེས་བརྗོད་འདུག

བཅར་འདྲི་བ་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་འགན་འཛིན་ཡེ་ཤེས་ཆོས་བཟང་དང་ཡི་གེ་བ་པདྨ་མཚོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།