རྒྱ་གཞུང་གི་ལོ་རེའི་རོགས་དངུལ་ནོར་གཉིས་ཀྱི་རིན་གོང་ལས་ཉུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༨ཉིན། ཟླ་འདིའི་ཕྱི་ཚེས་༦ཉིན། ཇེ་ནེ་ཝ་རུ་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༩པའི་ཐོག རྒྱལ་ཚོགས་ཟས་རིགས་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཞབས་ཨོ་ལེ་ཝར་ཌེ་སི་ཆ་ཊིར་ལགས་ཀྱིས་རྒྱ་གཞུང་གིས་བཙན་གྱིས་འབྲོག་མང་གཏན་སྡོད་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་འདུག

ཁོང་གིས་འདི་ལོའི་ཕྱི་ཟླ་༡ཚེས་༢༠ཉིན་བཏོན་པའི་སྙན་ཞུའི་ནང་དུ། བོད་རིགས་འབྲོག་པ་མང་ཚོགས་ལ་བཙན་གྱིས་གནས་སྤོ་རུ་འཇུག་བཞིན་པ་དེ་མྱུར་ཏུ་མཚམས་འཇོག་དགོས་པ་མ་ཟད། རྒྱ་གཞུང་གིས་ངེས་པར་དུ་རྣམ་པ་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་བྱུས་ཚད་མཐོན་པོས་ལག་བསྟར་བྱས་ཏེ་ས་ཁུལ་ཁག་གི་སློབ་གསོ་དང་འཕྲོད་བསྟེན་ཞབས་ཞུ་ལེགས་བཅོས་གཏོང་དགོས་པ་མ་ཟད། གཏན་སྡོད་ཞིང་འབྲོག་མང་ཚོགས་ལ་བཟའ་བཏུང་གི་ཐོབ་ཐང་ཆ་ཚང་བ་ཞིག་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་འདུག

སྙན་ཞུའི་ནང་མུ་མཐུད་ནས་འཁོད་དོན། རྒྱ་གཞུང་གིས་ཤུགས་རྐྱེན་ཐེབས་པའི་ས་ཁུལ་ཁག་གི་མི་མང་དང་མཉམ་དུ་དོན་འབྲས་ལྡན་པའི་ཐོག་ནས་གནད་དོན་གྲོས་བསྡུར་དགོས་བྱེད་པ་དང༌། ཉེ་ཆར་ལག་བསྟར་བྱེད་བཞིན་པའི་མཐའ་འཁོབ་འབྲོག་ཁུལ་དོ་དམ་གྱི་སྲིད་བྱུས་ཚུད་པའི་ལས་གཞི་ཁག་གི་ཐད་ཞིབ་བཤེར་བྱེད་པར་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཚོགས་བཅར་བའི་གླེང་མོལ་སྐབས་སུ།  ཡོ་རོབ་མནའ་འབྲེལ་གྱིས་ང་ཚོས་རྒྱ་གཞུང་གི་བཀའ་རྒྱའི་འོག་གནས་སྤོ་བྱེད་བཞིན་པའི་བོད་རིགས་ཞིང་འབྲོག་མང་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ལ་སེམས་ཁུར་བྱེད་དགོས་པ་མ་ཟད། ང་ཚོས་ཕུལ་བའི་སྙན་ཞུ་ཁག་ལ་རྒྱ་གཞུང་གིས་ཁ་ཚ་དགོས་གཏུག་གིས་ལག་ལེན་འཁེལ་བའི་རེ་བ་ཡོད་ཅེས་བརྗོད་འདུག

ཡིན་ནའང༌། རྒྱ་ནག་འཐུས་མི་ཚོགས་པས་བོད་རིགས་འབྲོག་པ་མང་ཚོགས་གནས་སྤོ་བྱེད་བཞིན་པ་དེ་ས་ཁུལ་དེ་དག་གི་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བ་དར་སྤེལ་དང་ལེགས་བཅོས་གཏོང་བའི་ཆེད་དུ་ཡིན་ལ། བོད་ནུབ་རྒྱུད་ཁུལ་གྱི་འབྲོག་མིའི་གཏན་སྡོད་ལས་གཞི་སོགས་ཚུད་པའི་ལས་གཞི་གཏན་འབེབས་འདི་ལ་ཞིང་འབྲོག་མང་ཚོགས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད་ཅེས་བརྗོད་ཡོད་འདུག

སྐུ་ཞབས་ཨོ་ལེ་ཝར་ཌེ་སི་ཆ་ཊིར་ལགས་ནས་ཕྱི་ལོ་༢༠༡༡ཟླ་༩པའི་ནང་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གསར་འགྱུར་ཞིག་དང་འབྲེལ་བའི་གསུང་བཤད་གནང་དོན། གཏན་སྡོད་བྱས་པའི་འབྲོག་པ་མང་པོས་ཕ་མེས་ཡང་མེས་ནས་བརྒྱུད་པའི་རྩྭ་ཐང་གི་འཚོ་བར་དགའ་མོས་དང་ཡིད་སྨོན་བྱེད་ཀྱི་འདུག་ཅེས་དང༌། ཡང་བོད་མི་ཞིག་གི་འཚོ་བའི་དཀའ་ངལ་སྐོར་བརྗོད་དོན། ད་ལྟ་ཁོང་གི་ཁྱིམ་མི་ཚང་མ་ལོ་རེའི་སྲིད་གཞུང་གི་རོགས་དངུལ་ལ་བརྟེན་ནས་འཚོ་བ་རོལ་གྱི་ཡོད་ལ། རོགས་དངུལ་དེ་ནོར་གཉིས་གྱི་རིན་གོང་ལས་ཀྱང་ཉུང་བ་ཡོད་པ་དང༌།  གྲོང་གསེབ་ཀྱི་ཅ་དངོས་ཐམས་ཅད་ཀྱི་རིན་གོང་མཐོ་བ་སོགས་ཀྱིས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

དེ་བཞིན་ཁོང་གིས་ཕྱི་ལོ་༢༠༠༩ནས་བཟུང་མཚོ་སྔོན་ཁུལ་གྱི་འབྲོག་པ་མང་ཚོགས་གནས་སྤོ་བྱེད་དུ་བཅུག་པའི་གྲངས་འབོར་སོགས་དང༌། དེ་བཞིན་ད་ལྟའི་བར་རྒྱ་གཞུང་གི་བཙན་གནོན་ལ་མ་བཟོད་པར་བོད་མི་སེར་སྐྱ་༢༥ཡིས་རང་ལུས་མེར་བསྲེགས་བཏང་བ་དང༌། ཞི་རྒོལ་བྱུང་ཡུལ་ཁུལ་དུ་རྒྱ་གཞུང་གིས་ཁ་པར་དང་དྲ་རྒྱ་སོགས་བཀག་སྡོམ་ནན་མོ་བྱས་ཡོད་པ་མ་ཟད། ཕྱི་ནང་གི་གསར་འགོད་པ་བཀག་འགོག་དང་འཇིགས་སྐུལ་བྱས་པའི་དངོས་བྱུང་གནས་ཚུལ་ཁག་འགྲེལ་བརྗོད་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།