དགོངས་ཚུལ།

རང་ལུས་ཞུགས་འབུལ་གྲངས་ཀ་ཙམ་དུ་འགྱུར་བར་སེམས་འཚབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༨ཉིན། ཟླ་འདིའི་ཕྱི་ཚེས་༢༡ཉིན། ཨོ་སི་ཊོ་ལི་ཡའི་གསར་ཁང་ (ABC)ཞེས་པ་དེས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་བོད་དོན་སྐོར་བཅར་འདྲི་ཞུས་ པ་དང་གཞན་ཡང་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ (Western Connecticut State University)ཞེས་པའི་ནང་༼བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ༽་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག

ཨོ་སི་ཊོ་ལི་ཡའི་གསར་ཁང་(Australian Broadcasting Corporation,ABC)ཞེས་པས་བཀའ་ཁྲི་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་སྐབས་ཁོང་གིས། ཨོ་སི་ཊོ་ལི་ཡ་དང་ཨ་རི་གཞུང་གཉིས་ནས་སྐུ་ཚབ་བོད་ནང་དུ་ཆེད་གཏོང་གིས། བོད་ནང་གི་བོད་མི་ཚོས་ཅིའི་ཕྱིར་རང་ལུས་མེར་བསྲེག་གཏོང་བཞིན་ཡོད་པ་དང་ཁོང་ཚོས་ཅིའི་ཕྱིར་ཞི་བའི་ངོ་རྒོལ་གནང་གི་ཡོད་པ་དང་། ཅིའི་ཕྱིར་རྒྱ་གཞུང་གི་སྲིད་བྱུས་ཡིས་བོད་རིགས་མི་མང་ལ་འཁོན་སེམས་སློང་བཞིན་ཡོད་པ་སོགས་གསལ་བོ་ཤེས་རྟོགས་བྱུང་བ་ཡིན་ན། བོད་རིགས་མི་མང་གི་འདོད་བློ་མ་ཁེངས་བའི་གཙོ་གནད་རྟོག་ཞིབ་དང་དེ་ཇི་ལྟར་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་རྙེད་པར་ཕན་ཐོགས་ཡོད་ངེས་རེད་ཅེས་དང་།

དེ་སྔོན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་སྙན་ཞུ་རིམ་པར་ཕུལ་ཡོད་པའི་སྐོར་ལ་བཀའ་ཁྲི་མཆོག་གིས། དེ་སྔོན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྔ་གཞུག་ཏུ་རྒྱལ་ཁབ་ཁག་གི་སྐུ་ཚབ་དོན་གཅོད་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ལ་སྙན་ཞུ་མང་པོ་ཕུལ་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཡོངས་ཁྱབ་ཀྱི་གསལ་བསྒྲགས་སྤེལ་བར་འབོད་སྐུལ་ཞུས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་བོད་ཁུལ་དུ་ཆེད་གཏོང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་རྟོག་ཞིབ་དང་། རྒྱ་གཞུང་གིས་གསར་འགོད་པ་བོད་ནང་དུ་ཡོང་བཅུག་ནས་དངོས་ཡོད་གནས་ཚུལ་ག་རེ་བྱུང་བཞིན་ཡོད་པ་ང་ཚོར་ཤེས་རྟོགས་ཡོང་དུ་འཇུག་དགོས་པའི་འབོད་སྐུལ་བྱས་ཡོད་ཅེས་སོགས་གསུངས་ཡོད་འདུག

གཞན་ཡང་།  ཨ་རིའི་ནང་དུ་རྟེན་གཞི་བྱས་ཡོད་པའི་(Western Connecticut State University)གཙུག་ལག་སློབ་གྲྭ་ཆེན་མོ་རུ་བཀའ་ཁྲི་མཆོག་གིས་༼བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ༽ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག

སྐབས་དེར་བཀའ་ཁྲི་མཆོག་གིས། གཞིས་ལུས་བོད་མི་ཚོས་བོད་མི་རིགས་ཀྱི་རང་དབང་དང་དྲང་བདེན་གྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་གྲངས་ཀ་ཙམ་ཞིག་ཏུ་འགྱུར་ཨེ་བསམ་པའི་བསམ་འཚབ་ཆེན་པོ་འདུག ཁོ་ཚོ་འགྲོ་བ་མི་ཡིན་ལ། ང་དང་ཁྱེད་ལྟ་བུ་ཁོ་ཚོ་ལའང་ཕ་མ་དང་སྤུན་མཆེད་ཡོད་པ་རེད་ཅེས་དང་། ང་རང་མི་མང་གིས་འོས་འདེམས་བྱས་བའི་བཀའ་བློན་ཁྲི་པ་ཞིག་ཡིན་པའི་ཆ་ནས་ངའི་དམིགས་ཡུལ་ནི་རྒྱ་ནག་གཞུང་ནས་གཞིས་ལུས་བོད་མིར་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་མཚམས་འཇོག་བྱས་ནས་ཞི་བའི་སྒོ་ནས་བོད་རྒྱའི་དཀའ་ངལ་སེལ་རྒྱུ་དེ་ཡིན་ལ། དེ་ལྟར་བྱུང་ཚེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་རྒྱུ་དེ་ཡང་མཚམས་འཇོག་བྱེད་ངེས་རེད། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བདག་དབང་འཐོབ་ཆེད་དང་། བོད་མིའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ཆེད་ཞི་བའི་ཐབས་ལམ་ཞིག་འཚོལ་རྒྱུའི་ཆོད་སེམས་གཏན་པོ་ཡོད་ཅེས་སོགས་གསུངས་ཡོད་འདུག

བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཨ་རི་དང་ཡོ་རོབ་ཁུལ་དུ་གཞུང་འབྲེལ་ཐོག་ཕྱོགས་སྐྱོད་ཀྱིས་ཉིན་གྲངས་༡༡རིང་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་དེ་བཞིན་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ལ་དོ་ཁུར་གནང་དགོས་པའི་འབོད་སྐུལ་སོགས་གནང་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༣ཚེས་༣ཉིན་ཕྱིར་བཞུགས་སྒར་དྷ་རམ་ས་རུ་ཕེབས་རྒྱུ་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།