ལོན་ཊོན་དུ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༥ཉིན། བོད་རྒྱལ་ལོ་༢༡༣༨རབ་གནས་ཆུ་འབྲུག་ལོའི་ལོ་གསར་གྱི་སྐབས་དང་བསྟུན་ནས། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ མདུན་དུ་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་བྱས་ཡོད་པ་དང༌། སྐབས་དེར་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གིས་ཞི་རྒོལ་བ་ཚོར་ཁ་རྡུང་ཤུགས་ཆེན་བཏང་བར་བརྟེན་དབྱིན་ཇིའི་བདེ་སྲུང་མི་སྣས་བཀག་འགོག་གནང་ཡོད་འདུག

ད་ལོའི་ལོ་གསར་སྐབས་བོད་ཕྱི་ནང་གཉིས་ནས་ལོ་གསར་གྱི་དགའ་སྟོན་ལ་མ་རོལ་བར་རྒྱ་གཞུང་གི་བཙན་གནོན་འོག་སྐུ་སྲོག་ཤོར་བ་དང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་བཏང་བའི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སོགས་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་པ་ལྟར། དབྱིན་ཇིར་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པས་ད་ལོའི་ལོ་གསར་མི་གཏོང་བའི་འབོད་སྐུལ་ཤུགས་ཆེན་གནང་ཡོད་པ་དང༌།  ལོ་གསར་གྱི་ཉིན་མོར་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལུས་ལ་བོད་ཆས་གྱོན་ནས་འབོད་ཚིག་སྣ་ཚོགས་ཀྱི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་སོགས་བཟུང་ནས་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་དང་སྨོན་ལམ་གསུང་འདོན་སོགས་གནང་ཡོད་འདུག

དེ་ཡང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཕུན་ཚོགས་ལགས་ཀྱིས་ནན་བརྗོད་གནང་དོན། དེ་རིང་ནི་བོད་ཀྱི་ལོ་གསར་རེད། ཡིན་ནའང༌། ང་ཚོ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་རུ་ཡོང་བ་མིན། ང་ཚོ་འདིར་ལངས་ནས་རྒྱ་གཞུང་གི་བཙན་གནོན་འོག་རང་ལུས་མེར་བསྲེགས་བཏང་བའི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་དང༌། རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་དང་བྱེད་བཞིན་པ་མྱུར་ཏུ་མཚམས་འཇོག་དགོས་པ་དང༌། རྒྱལ་ཕྱིའི་གསར་འགོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་བོད་དུ་ཕེབས་རྒྱུར་ཆོག་མཆན་ཕུལ་དགོས་པའི་འབོད་སྐུལ་བྱེད་དུ་ཡོང་བ་ཡིན་ཞེས་སོགས་གསུངས་འདུག

དེ་བཞིན་དབྱིན་ཇི་དང་བྱང་ཡོ་རོབ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོར་ནན་སྐུལ་གནང་དོན། ང་ཚོའི་འཐབ་རྩོད་དེ་ནམ་ཡང་འཚེ་མེད་པའི་ཐབས་ལམ་ལ་བརྟེན་ཡོད་པས། ནམ་ཞིག་བདེན་མཐའ་སེལ་ཐུབ་པར་ཡིད་ཆེས་ཡོད་ལ། ང་ཚོ་དང་ང་ཚོའི་བུ་ཕྲུག བུ་ཕྲུག་གི་བུ་ཕྲུག་སོགས་ཀྱི་ཆེད་དུ་ཚང་མ་སེམས་ཤུགས་མ་ཆགས་རོགས་ཞེས་འབོད་སྐུལ་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།