དགོངས་ཚུལ།

ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐོར་ཞིག་བོད་ནང་དུ་ཕེབས་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཚེས་༢ཚེས་༢༥ཉིན། བོད་ཀྱི་ལོ་གསར་དང་བསྟུན་ནས་ཕ་རན་སིའི་གཞུང་གི་གྲོས་ཚོགས་འཐུས་མི་དང་ཕྱི་སྲིད་ནང་སྲིད་ཀྱི་གནད་ཡོད་མི་སྣ་ཁག་ཅིག་གིས་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ལ་བསྐྱར་ཞིབ་དང་འབྲེལ་བའི་གདུང་སེམས་མཉམ་བསྐྱེད་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༢༡ ཉིན་གྱི་ཉིན་རྒྱབ་ཕ་རན་སིའི་རྒྱལ་སར་རྟེན་གཞི་བྱས་པའི་བོད་ཀྱི་བྱམས་བརྩེ་ཁང་གི་ངོས་ནས་ཕ་རན་སིའི་གྲོས་ཚོགས་ཀྱི་གཙོ་འཛིན་དང་བོད་དོན་དམིགས་བསལ་ཞིབ་བཤེར་བ་སྐུ་ཞབས་ཇོན་སྤོན་སོ་བ་མཆོག་དང་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་རྣམ་པ། ཕ་རན་སིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤ་ཡའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་དོ་སི་ཁན་མཆོག ནང་སྲིད་ལྷན་ཁང་གི་གྲངས་ཉུང་མི་རིགས་ཀྱི་དཔོན་པོ། གཞན་ཡང་བལ་ཡུལ་བཅའ་བཞུགས་ཕ་རན་སིའི་གཞུང་ཚབ་ཆེན་མོ་བ་བཅས་གནད་ཡོད་མི་སྣ་ཁག་ཅིག་གདན་འདྲེན་ཞུས་ནས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཡིག་ངག་གཉིས་དང་གློག་བརྙན་བཅས་ཀྱི་ལམ་ནས། བོད་ཀྱི་བྱམས་བརྩེ་ཁང་གི་འགན་འཛིན་སུམ་གྱང་རིན་པོ་ཆེ་མཆོག་ནས་སྙན་འབུལ་ངོ་ སྤྲོད་གནད་ལ་འཁེལ་བ་ཞུས་ཡོད་འདུག དེ་ཡང་། སུམ་གྱང་རིན་པོ་ཆེ་མཆོག་གིས་ཕ་རན་སིའི་གཞུང་དང་གྲོས་ཚོགས། མི་མང་བཅས་ཀྱི་ངོས་ནས་སྔར་བཞིན་བོད་དོན་ཕྱོགས་སུ་ཕན་ཐོགས་ལྡན་པའི་རྒྱབ་ སྐྱོར་གནང་རྒྱུ་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་གདུག་རྩུབ་ཅན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དེ། ད་ལྟའི་ཡ་ང་བའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་ཞི་འཇམ་དང་ལྡན་པའི་སྒོ་ནས་ཐག་གཅོད་ཡོང་བའི་འབོད་སྐུལ་ནན་པོ་ཞུས་འདུག

སྐབས་དེར་གྲོས་ཚོགས་ཀྱི་གཙོ་འཛིན་ཇོན་སྤོན་སོ་བ་མཆོག་ནས་གསུང་བཤད་གནང་དོན། ང་ཚོ་ཕ་རན་སིའི་གཞུང་དང་གྲོས་ཚོགས། ལྷག་པར་དུ་མི་མང་བཅས་ཀྱི་ངོས་ནས་ བོད་ཀྱི་དཀའ་སྡུག་གི་གནས་སྟངས་རྣམས་གསལ་བོ་ཤེས་རྟོགས་ཡོད་ལ། སྔོན་མ་ཡིན་རུང་། གོང་ས་ཏཱ་ལའི་བླ་མ་མཆོག་ཕ་རན་སིར་ཕེབས་སྐབས་ཀྱང་ཞུས་པ་ནང་བཞིན་ཕ་སན་སིའི་ གྲོས་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་མཇལ་འཕྲད་བྱེད་སྐབས་སུ། བོད་ཀྱི་གནད་དོན་དེ་གོང་ས་ཏཱ་ལའི་བླ་མའི་དབུ་ཁྲིད་པའི་བོད་ཀྱི་སྐུ་ཚབ་ཚོ་ དང་ལྷན་དུ་བོད་རྒྱ་གཉིས་ཕན་གྱི་གྲོས་མོལ་ཞིག་བྱས་ནས་ཐག་གཅོག་ཡོང་བའི་འབོད་སྐུལ་བྱས་ཡོད་ལ། གཞན་ཡང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ། ཨ་རིའི་གྲོས་ཚོགས་དང་མཉམ་འབྲེལ་ཐོག་ནས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཡང་བཏོན་པ་ཡིན་ལ། ད་དུང་ཡིན་རུང་། ལངས་ཕྱོགས་དང་སྲིད་བྱུས་འདིའི་ཐད་ལ་འགྱུར་བ་གང་ཡང་མེད་ལ། ལྷག་པར་དུ། ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་སྐོར་ཞིག་བོད་ནང་དུ་འགྲོ་རྒྱུར་རྒྱ་ནག་གཞུང་དང་འབྲེལ་བ་ཞུ་བཞིན་པ་ཡིན་པ་དང་། ཡང་ང་ཚོའི་ངོས་ནས་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ཛ་དྲག་གི་གནས་ཚུལ་ནམ་བྱུང་སྐབས། ཐད་ཀར་ཕ་རན་སིར་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་འགྲེལ་བཤད་དང་མཚམས་འཇོག་དགོས་པའི་འབོད་སྐུལ་རབ་དང་རིམ་པར་དགོས་འདུན་བཏོན་པ་ཡིན་ལ། ད་དུང་རྒྱ་ནག་དང་ཡོ་རོབ་མནའ་འབྲེལ་བར་དུ་ཚོང་དོན་གྱི་ཆངས་ཡིག་འཇོག་པ་སོགས་ཀྱི་སྐབས་སུའང་ཕ་རན་སིའི་གྲོས་ཚོགས་ཀྱི་ངོས་ནས། བོད་ཀྱི་གནད་དོན་དེ་གལ་ཆེན་དོན་ཆེན་དུ་བརྩིས་ནས་ཆ་རྐྱེན་ལྟ་བུ་ཞིག་ལ་བཏོན་དང་འདོན་གྱིན་པ་ཡིན།

གཙོ་བོ་དེ་རིང་ཚོགས་འདུར་བོད་ཀྱི་བྱམས་བརྩེ་ཁང་གི་ངོས་ནས་ཕུལ་བའི་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས་གསལ་བཤད་གནང་བའི་སྙན་ཐོ་འདི། ཕ་རན་སིའི་སྲིད་འཛིན་ལས་ཁུངས་གྱི་གཙོས་བྱས་ནས་གནད་ཡོད་གཞུང་འབྲེལ་ལས་ཁུངས་ཁག་གི་གྲོས་ཚོགས་ཀྱི་ཚོགས་མི་བརྒྱ་ལྷག་ཅིག་ཡོད་པ་རྣམས་ལ་རེ་རེ་བཞིན་འབུལ་ངེས་ཡིན། མཐའ་དོན། ང་ཚོ་ཕ་རན་སིའི་གཞུང་མང་གཉིས་ཀྱི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་གཙོས་བྱས་པའི་བོད་མི་ཡོངས་ཀྱི་རྒྱབ་རྩར་ནམ་ཡང་ཡོད་ལ། ཁྱེད་ཅག་བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་གསུངས་སོང་། དེ་རྗེས་བལ་ཡུལ་བཅའ་བཞུགས་ཕ་རན་སིའི་གཞུང་ཚབ་ཆེན་མོས་གསུངས་དོན། ངས་བོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་ཀྱི་ཡོད་ལ། ལྷག་པར་དུ་བལ་ཡུལ་འདི་རྒྱ་གཞུང་གིས་གནོན་ཤུགས་འོག་ཡོད་དུས། བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་དམིགས་བསལ་གྱིས་དཀའ་ངལ་མང་པོ་ཞིག་ཕྲད་དང་འཕྲད་བཞིན་ཡོད་སྟབས། དེའི་ཐད་བལ་ཡུལ་གཞུང་དང་གནད་ཡོད་མི་སྣ་རྣམས་མཇལ་འཕྲད་ཀྱི་སྐབས་སུ་ཡོ་རོབ་མནའ་འབྲེལ་བརྒྱུད་གནོན་ཤུགས་གང་ཐུབ་སྤྲད་པས་མ་ཚད། ད་རུང་ཡིན་རུང་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡིན་ཞེས་གསུང་བཤད་གནང་བ་སོགས་ཕ་རན་སིའི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་འདུག

མཇུག་མཐར་འདིའི་སྐོར་ལ་སུམ་གྱང་རིན་པོ་ཆེ་མཆོག་ལ་ཁ་པར་བརྒྱུད་ནས་བཀའ་འདྲི་ཞུ་དུས། ཁོང་གིས་ཐེངས་འདིའི་ཚོགས་འདུའི་ཐོག་ནས་ཕ་རན་སིའི་གཞུང་དང་གྲོས་ཚོགས། མི་མང་བཅས་ཀྱི་ངོས་ནས་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ལ་ངོས་འཛིན་དང་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་ཐོན་པ་མ་ཟད། ད་ལྟའི་བོད་གནས་དང་མ་འོངས་པའི་ཁ་ཕྱོགས་ལ་བསྐྱར་ཞིབ་དང་འབྲེལ་བའི་གདུང་སེམས་མཉམ་བསྐྱེད་ཆེན་པོ་གནང་གི་འདུག་ཅེས་གསུངས་སོང་།

གནས་ཚུལ་གཏོང་མཁན་རྔ་བ་ཚེ་སྐྱིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།