་༧གོང་ས་མཆོག་གི་བཀའ་སློབ་ལ་བརྩི་བཀུར་ཞུ་མཁན་ཡིན་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༡ཉིན། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༠ ཉིན་སྔ་དྲོ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་དྲུང་ཆེ་ བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཚའེ་དབྱིང་ཝིན་ལགས་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཤའོ་མའེ་ཆིང་ལགས་མཇལ་བཅར་གྱིས་བོད་དོན་འགྲེལ་བརྗོད་གནང་འདུག

འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༠ ཉིན་སྔ་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཚའེ་དབྱིང་ཝིན་ལགས་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཤའོ་མའེ་ཆིང་ལགས་མཇལ་འཕྲད་ཞུས་ཏེ། གཙོ་བོ་ཉེ་ཆར་༸གོང་ས་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་གྲུབ་རྗེས་ཕྱོགས་གཉིས་ཀར་སྩལ་བའི་གསུང་འཕྲིན་ཕུལ་བར་བརྟེན། ལྕམ་སྐུ་ཚའེ་ལགས་ཀྱིས་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་རོགས་ཞེས་གསུངས་བ་མ་ཟད། ཁོ་མོ་ནི་ག་དུས་ཡིན་ཡང་༸གོང་ས་མཆོག་གི་བཀའ་སློབ་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན་གསུངས་ཡོད།  དོན་གཅོད་ཀྱིས་ད་བར་ལྕམ་ཚའེ་ལགས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་གུང་ཁྲན་ཏང་གིས་ཐོག་མར་བོད་མིར་དཔལ་འབྱོར་གྱི་བསླུ་བྲིད་སྲིད་བྱུས་འགོ་བཙུགས་ཏེ་མཐའ་མ་བོད་ས་ཡོངས་རྫོགས་དྲག་པོའི་སྲིད་དབང་འོག་ལྷུང་བ་དང་། དེང་སྐབས་བོད་ནང་ཛ་དྲག་གི་གནས་སྟངས་འོག་བོད་མི་རྣམས་ཐབས་ཟད་འུ་ཐུག་གིས་རང་གི་གཅེས་པའི་ལུས་སྲོག་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་སྐོར་ངོ་སྤྲོད་གནང་། ལྕམ་ཚའེ་ལགས་ཀྱིས་ཐེ་ཝན་གྱི་དམངས་གཙོའི་འཕེལ་རིམ་ངོ་སྤྲོད། བོད་ནང་དང་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ལ་བཀའ་དྲི་གནང་བར་དོན་གཅོད་ནས་ཞིབ་ཕྲ་ངོ་སྤྲོད་གནང་བ་མ་ཟད། ཐེ་ཝན་ནང་བཙན་བྱོལ་བོད་མིའི་ཡིག་ཆ་ངོས་འཛིན་བྱ་ཕྱོགས་དང་། བོད་མི་ཐེ་ཝན་ནང་གཉེན་སྒྲིག་བྱེད་མཁན་སོགས་ཀྱི་མཐོང་མཆན་ཐོག་འཕྲད་པའི་དཀའ་ངལ་སྐོར་འགྲེལ་བརྗོད་གནང་བར།  གྲོས་ཚོགས་འཐུས་མི་ལྕམ་ཤའོ་ལགས་ཀྱིས་ཐེ་ཝན་གྲོས་ཚོགས་ནང་སྐྱབས་བཅོལ་པའི་ཁྲིམས་གཞི་གསར་པ་བཟོ་རྒྱུར་འབད་བརྩོན་ཞུ་རྒྱུ་དང་། ཁྲིམས་གཞི་དེ་འདྲ་ཞིག་བཟོ་ཐུབ་པ་བྱུང་ན་འབྱུང་འགྱུར་བོད་མིར་རོགས་ཕན་བྱེད་ཐུབ་ཅེས་གསུངས་ཡོད། དུས་ཡུན་སྐར་མ་ ༤༥ རིང་ཕན་ཚུན་བཀའ་མོལ་ལྷུག་པོ་གནང་རྗེས། དམངས་གཙོ་ཡར་ཐོན་ཚོགས་པས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་གྲོས་ཚོགས་འཐུས་མི་ལྕམ་ཤའོ་ལགས་དང་། དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསར་འགོད་པ་ཐུག་འཕྲད་གནང་སྟེ།

ཐོག་མར་དམངས་གཙོ་ཡར་ཐོན་ཚོགས་པའི་ཕྱོགས་ནས་དོན་ཚན་གསུམ་ཅན་གྱི་བསྒྲགས་གཏམ་སྤེལ་དོན།
༡༽༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་འཁྱུར་གནང་ཡང་། ཆོས་ཕྱོགས་དབུ་ཁྲིད་ཀྱི་མཚན་ཐོག་ནས་མུ་མཐུད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་འཁུར་བསྐྱངས་དང་སྐྱོང་བཞིན་ཡོད་པར། དམངས་གཙོ་ཡར་ཐོན་ཚོགས་པའི་ཕྱོགས་ནས་ཡི་རང་ཞུ་རྒྱུ་དང་། དུས་མཚུངས་༸གོང་ས་མཆོག་གིས་རྒྱུན་དུ་ཐེ་ཝན་གྱི་དམངས་གཙོའི་འཕེལ་རིམ་དང་། ཐེ་ཝན་ནང་འབྱུང་བའི་གནོད་འཚེ་བྱུང་སྐབས་ཐེ་ཝན་མི་མང་སོགས་ལ་ཐུགས་འཁུར་མཛད་པར་ཐུགས་རྗེ་ཆེ་ཞུ།
༢༽འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ནི་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་རྩ་བའི་ལངས་ཕྱོགས་ཤིག་ཡིན་པས། གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་གང་གི་གནས་བབ་བཟུང་ཡང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ། ལྷག་དོན་ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བྱེད་པའི་བརྒྱུད་རིམ་ནང་། རེ་བར་གོང་གསལ་ཆ་རྐྱེན་དེ་ཚོ་ཚུད་ཐབས་བྱ་རྒྱུ།
༣༽དམངས་གཙོ་ཡར་ཐོན་ཚོགས་པ་ནི་ཕྱོགས་འགལ་ཚོགས་པ་ཆེ་ཤོས་ཡིན་པའི་ཆ་ནས་གོ་མིན་ཏང་གཞུང་འཛིན་པར་འབོད་སྐུལ་ཞུ་རྒྱུར། རྒྱ་ནག་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐད་ངག་བསྡམས་ནས་སྡོད་རྒྱུ་མེད་པ་དང་། དུས་མཚུངས་གོང་མིན་ཏང་གཞུང་འཛིན་ནས་རྒྱ་ནག་གིས་བོད་ཐོག་དྲག་གནོན་བྱས་དང་བྱེད་མུས་ཡིན་པར་སྐྱོན་བརྗོད་བྱེད་དགོས་ལ། གཞན་ཡང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་གི་དམངས་གཙོ་འཕེལ་རྒྱས་གཏོང་བར་ཐུགས་འཁུར་བྱེད་དགོས་ཅེས་འཁོད་ཡོད། མཇུག་ཏུ་གསར་འགོད་པས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གྱི་དྲི་བ་ཁག་ལ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ལན་འདེབས་དང་གསལ་བཤད་གནང་ཡོད་འདུག་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།