ྋགོང་ས་མཆོག་དང་བོད་གཞུང་གིས་ཨོ་བྷ་མར་འཚམས་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

9november20083རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་ཟླ་༡༡ཚེས་༦ཉིན་སྤེལ། ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མོ་སྦ་རག་ཨོ་བྷ་མ་མཆོག་ཨ་རིའི་མི་མང་ནས་སྲིད་འཛིན་དུ་འོས་འདེམས་བྱས་པར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཀྱིས་འཚམས་འདྲི་བཀྲིས་བདེ་ལེགས་ཀྱི་ཕྱག་བྲིས་རེ་ཕུལ་གནང་ཡོད་པ་རེད།

དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་སྐུ་ཉིད་ཨ་རིའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བ་དེ་ནི་ཨ་རིའི་མི་མང་ཚོས་དགའ་སྤོབས་དང་དགའ་སྟོན་བྱེད་འོས་པའི་དུས་ཚོདི་ཅིག་ཡིན་པ་དང༌། ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་བྱུང་རིམ་དེ་ནི་མང་གཙོ་དང་རང་དབང། གོ་སྐབས་འདྲ་མཉམ་བཅས་ལ་ཡིད་ཆེས་གནང་མཁན་རྒྱལ་སྤྱིའི་མི་མང་ཡོངས་ལ་སེམས་སྐུལ་ཐེབས་པའི་རླབས་ཆེན་གྱི་བྱ་བཞག་ཅིག་ཆགས་ཡོད་པའི་སྐོར་དང༌། སྐུ་ཉིད་མ་འོངས་ཨ་རིའི་སྲིད་འཛིན་གྱི་མཚན་གནས་ཐོག་ནས་དཀའ་ངལ་ཆེན་པོས་གདོང་ལེན་གནང་དགོས་པའི་ལས་དོན་མང་པོ་ཞིག་འཕྲད་ངེས་ཡིན་ཡང༌། དེ་དང་ཆབས་ཅིག་འགྲོ་བ་མིའི་གཞི་རྩའི་དགོས་མཁོ་འཐབ་རྩོད་བྱེད་མཁན་མི་མང་ས་ཡ་མང་པོའི་འཚོ་བར་འཕོ་འགྱུར་གཏོང་རྒྱུའི་གོ་སྐབས་མང་པོ་ཞིག་ཀྱང་ཐོབ་རྒྱུ་ཡིན་པར་བརྟེན། སྐུ་ཉིད་ཀྱིས་མི་མང་དེ་ཚོའི་ཆེད་དུ་ཕྱག་ལས་ངེས་པར་གནང་དགོས་སྐོར་བཀའ་སློབ་ཀྱང་ཕེབས་ཡོད་པ་རེད། ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བའི་ཨོ་བྷ་མ་མཆོག་ལ་གནང་བའི་ཕྱག་བྲིས་དེའི་ནང་མུ་མཐུད་ྋགོང་ས་མཆོག་གིས་གསུངས་དོན། ཨོ་བྷ་མ་ཁོང་གི་ཆོད་སེམས་དང་སྙོང་སྟོབ་ལ་བསྔགས་བརྗོད་གནང་ཐོག་ཁོང་ཨ་རིའི་སྲིད་འཛིན་༤༤པར་འོས་འདེམས་བྱུང་བར་འཚམས་འདྲི་བཀྲིས་བདེ་ལེགས་དང་ཐུགས་སྨོན་གསུང་གི་ཡོད་ལུགས་སོགས་བཀོད་གནང་ཡོད་པ་རེད།

ཡང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱིས་ཨོ་བྷ་མ་མཆོག་ལ་ཕུལ་བའི་ཕྱག་བྲིས་ནང་སྐུ་ཉིད་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁ་བྱུང་བ་དེར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་སྐུ་ཉིད་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་གསུངས་ཡོད་ཅིང༌། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་འཚམས་འཕྲིན་ཕུལ་བའི་ནང་འཁོད་དོན། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༦ རེས་གཟའ་ཕུར་བུའི་ཉིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བའི་འཚམས་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བ་དེ་ནི་ཨ་མི་རི་ཁ་དང་དེ་བཞིན་འཛམ་གླིང་འདིའི་རྒྱལ་ཁ་ཞིག་ཀྱང་ཡིན། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གི་རྒྱལ་ཁ་དེ་ནི་ཨ་མི་རི་ཁའི་ཧ་ལས་དགོས་པའི་བསྐྱར་བཟོའི་ནུས་པའི་མཚོན་རྟགས་ཤིག་རེད། ངོས་ཀྱིས་འཚམས་འཕྲིན་དེ་ནི་འཛམ་གླིང་འདིའི་ཐོག་གནས་པའི་མི་མང་ས་ཡ་མང་པོ་ཞི་བདེ་དང༌། བརྟན་ལྷིང༌། ཆ་སྙོམས་ཀྱི་གོང་འཕེལ་བཅས་ལ་འབད་བརྩོན་བྱེད་མཁན་ཚོ་བསྐྱར་གསོ་ཐུབ་པའི་རེ་བ་དང་བཅས་ཕུལ་བ་ཞིག་ཡིན།

གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨོ་བྷ་མ་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བ་དེས་ཨ་རིའི་མང་གཙོའི་སྟོབས་ཤུགས་དེ་མཚོན་ཐུབ་པ་བྱུང་ཡོད།

སྐུ་ཉིད་སྲིད་འཛིན་ལ་འོས་འདེམས་བྱུང་ནས་རང་སོར་གནས་པའི་དམག་འཁྲུག་དང་ཞི་བདེའི་གནད་དོན་ལ་གདོང་ལེན་གནང་དགོས་པར་སོང་བོད་མི་མང་གི་སྨོན་འདུན་སྐུ་ཉིད་ཀྱྀ་ལྷན་དུ་ཡོད། སྐུ་ཉིད་ནས་ཨ་རིའི་རྒྱལ་ཁབ་དང་འཛམ་གླིང་དེ་བཞིན་སྔར་ལས་ལྷག་པའི་བདེ་སྐྱིད་ཀྱི་གནས་ཡུལ་ཞིག་ཏུ་བསྒྱུར་རྒྱུའི་འབད་བརྩོན་གནང་སྐབས་ངོས་ནས་ཀྱང་གསོལ་བ་སྨོན་ལམ་འདེབས་རྒྱུ་ཡིན། ཞེས་བཀོད་ཡོད་པ་རེད།

བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཕྱི་ལོ་༢༠༠༡ མང་གཙོའི་འོས་འདེམས་ཀྱི་ལམ་ནས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པར་བསྐོ་གཞག་བྱུང་བ་ཞིག་ཡིན་པ་བཅས། ཞེས་འཁོད་གནང་ཡོད་པ་རེད།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཞབས་བྷ་རཀ་ཨོ་བྷ་མ་ཨ་རིའི་སྲིད་འཛིན་ལ་འདེབས་ཐོན་བྱུང་བར་འཚམས་འཕྲིན་གནང་བའི་གསུང་འཕྲིན་ངོ་མར་གཟིགས།

༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་མངའ་བདག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་༢༠༠༨ཟླ་༡༡ཚེས་༦རེས་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བ་ཨོ་བྷ་མ་མཆོག་ལ་ཞུ་རྒྱུར། སྐུ་ཉིད་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བར་སྐབས་ཨ་རིའི་མི་མང་ནས་རང་ཉིད་གནས་གཞིའི་སྤྱི་ཚོགས་དེ་སྣ་མང་ཅན་ཞིག་ཡིན་པ་དང་དེའི་ནང་སྤྱི་ཚོགས་ཀྱི་ཐེག་པ་རིམ་འཛེག་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་གོ་གནས་མཐོ་ཤོས་འཛིན་ཐུབ་ཀྱི་ཡོད་པས་གཞི་རིམ་གྱི་ཁྱད་ཆོས་སམ་རྣམ་པ་ཞིག་མཚོན་ཐུབ་པའི་སྲིད་འཛིན་མི་སྣ་ཞིག་འོས་འདེམས་བགྱིས་པར་ངོས་ཀྱི་བློ་སྟོབས་འཕེལ་བྱུང༌། སྐབས་འདིར་སྲིད་འཛིན་འོས་བསྡུའི་ལམ་རིམ་ནི་ཨ་རི་བ་ཡོངས་ཀྱིས་སྤོབས་པ་བྱེད་འོས་པ་དང༌། འཛམ་གླིང་ཁྱོན་གྱི་མྀ་སྡེའི་སྤྱི་ཚོགས་དུ་མས་དགའ་བསུ་རྟེན་འབྲེལ་ཞུ་འོས་པའི་གནད་དོན་ཞིག་རེད།

ཨ་རིའི་སྲིད་འཛིན་རིམ་པ་འོས་འདེམས་བྱེད་པའི་བརྒྱུད་རིམ་ཁག་ནི་འཛམ་གླིང་འདིའི་སྟེང་གནས་པའི་མི་མང་མང་གཙོ་དང༌། རང་དབང༌། འདྲ་མཉམ་གྱི་གོ་སྐབས་བཅས་ལ་ཡིད་ཆེས་ཡོད་མཁན་ཚོར་དུས་རྟག་ཏུ་བློ་སྟོབས་བསྐྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

སྐུ་ཉིད་ནས་འོས་བསྡུའི་དྲིལ་བསྒྲགས་ཀྱི་བརྒྱུད་རིམ་རིང་པོ་དེའི་ནང་བློ་སེམས་བརྟན་པོའི་བཟང་སྤྱོད་ཀྱི་ནུས་ཤུགས་འདོན་སྤེལ་གནང་བ་མ་ཟད། ཁ་གཏད་བྱེད་མཁན་ཚོར་བྱམས་པའི་སེམས་ཀྱི་ཀུན་ནས་བསླངས་ཏེ་གདོང་ལེན་གཟབ་ནན་གནང་བར་ངོས་ནས་བསྔགས་བརྗོད་ཞུ་གི་ཡོད། འདི་ལོའི་དཔྱིད་དུས་སྐུ་ཉིད་དང་ཞལ་པར་ཐོག་བཀའ་མོལ་ཇི་བྱུང་དྲན་ལམ་དུ་འཆར་གྱི་འདུག་ཅིང༌། སྐབས་འདིར་སྐུ་ཉིད་ནས་བོད་ནང་གི་གནས་སྟངས་ཐོག་ཐུགས་འཚབ་གནང་སྐབས་སུའང་གོང་གསལ་དགོས་ངེས་ཀྱི་ཡོན་ཏན་ཁག་གསལ་མངོན་བྱུང༌། སྐུ་ཉིད་ལ་ཨ་རིའི་སྲིད་འཛིན་གྱི་མིང་འཁུར་ཡོད་པའི་ཆ་ནས་དཀའ་ཚེགས་ཆེ་བའི་ལས་དོན་གལ་ཆེན་རིགས་མང་དག་སྒྲུབ་དགོས་པ་ཡོང་ངེས་ཡིན་ནའང༌། དེ་དང་ཆབས་ཅིག་ཏུ་མི་མང་ས་ཡ་མང་པོས་འགྲོ་བ་མྀའི་གཞི་རིམ་གྱི་དགོས་མཁོ་སྒྲུབ་ཆེད་འཐབ་རྩོད་མུ་མཐུད་བྱེད་བཞིན་པ་རྣམས་ཀྱི་འཚོ་བར་འགྱུར་བ་ཞིག་གཏོང་རྒྱུའི་གོ་སྐབས་ཀྱང་མང་པོ་ཡོང་རྒྱུ་རེད། དེར་བརྟེན་ས་ཕྱོགས་གང་དུ་གནས་མིན་ལ་མ་ལྟོས་པར་མི་མང་དེ་ཚོའི་ཆེད་དུ་ལས་དོན་སྒྲུབ་རྒྱུ་ཐུགས་བསྙེལ་མ་གྱུར་བ་གནང་རྒྱུ།

ཀུན་བདེའི་སྨོན་ལམ་བཅས།

ཏཱ་ལའི་བླ་མས། ཞེས་པའི་འཚམས་འཕྲིན་ཞིག་སྩལ་ཡོད་པ་རེད།།

ཐུགས་སྣང༌།

གསུང་འཕྲིན་ངོ་མ་དེ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་ལ་རྩ་འཛིན་ཡོད་པ་ཞུ།། གསུང་འཕྲིན་བོད་གཞུང་དྲ་གནས་སུ་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།