ྋགོང་ས་མཆོག་ནས་ཨིན་ཌི་ཡ་ཊུ་ཌེ་ཞེས་པའི་དབུ་འབྱེད་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

11-His Holiness and Tibetan PM 10 March 2009རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་གྲས་ཨིན་ཌི་ཡ་ཊུ་ཌེ་(India Today )ཞེས་པའི་གསར་ཁང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༦ ནས་ཚེས་ ༧ བར་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་སྐར་ལྔའི་མགྲོན་ཁང་ཏ་ཆི་(Hotel Taj)དུ་གོ་སྒྲིག་ཞུས་པའི་ཨིན་ཌི་ཡ་ཊུ་ཌེ་ཀོན་ཁི་ལབ་(India Today Conclave)ཞེས་པའི་འདུ་ཚོགས་དེར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འབྱཻད་གསུང་བཤད་གཙོ་བོ་གནང་རྒྱུར་གསོལ་འདེབས་ཞུས་པ་བཞིན། འདུཚོགས་དེས་འཛམ་གླིང་གི་འཕོ་འགྱུར་ལ་གདོང་ལེན་ (Challenge of Change)ཞེས་པའི་བརྗོད་གཞིའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་ཡོད།

འདུ་ཚོགས་དེའི་དབུ་འབྱེད་མཛད་སྒོའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་འཕོ་འགྱུར་གྱི་དཀའ་ངལ་དེའི་གཉེན་པོ་ནི་ནང་སེམས་ཀྱི་བྱམས་བརྩེ་དང་ཕན་ཚུན་གྲོས་བསྡུར་གྱི་ལམ་ནས་དཀའ་ངལ་སེལ་ཐབས་གནང་རྒྱུ་དེ་ཡིན་སྐོར་སོགས་ཀྱི་ལམ་སྟོན་བཀའ་སློབ་གནང་ཡོད་པ་མ་ཟད། རྒྱ་གར་གྱིས་འཛམ་གླིང་ནང་ཞི་བདེ་དང༌། ཆོས་ལུགས་རིས་མེད་དབར་འཆམ་མཐུན་ཡོང་ཐབས་སླད་ཆ་ཤས་ལེན་དགོས་སྐོར། བོད་དོན་ཆེད་མགོན་པོ་གང་ཉིད་ནས་འཛིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད།

  དེ་ཡང་མགོན་པོ་གང་ཉིད་ནས་འཛམ་གླིང་ནང་འགྱུར་བ་འགྲོ་བའི་སྐབས་སུ་ཉེན་ཁ་གང་ཡོད་དང་ཉེན་ཁ་དེ་དག་ལ་གདོང་ལེན་གང་འདྲ་ཞིག་བྱེད་དགོས་མིན་སྐོར་བཀའ་སློབ་ཕེབས་དོན། སྤྱིར་འཛམ་གླིང་ནང་འགྱུར་བ་ཤུགས་ཆེ་འགྲོ་བཞིན་ཡོད་པ་དེ་བདེན་པ་རེད། ཡིན་ནའང་བསམ་བློ་ཞིག་གཏོང་སྐབས་འཛམ་གླིང་དེའི་ཐོག་འགྱུར་བ་འགྲོ་བ་དང་ལྷན་དུ་འཛམ་གླིང་ནང་དམག་དང་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་མེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དཀའ་ངལ་དེ་དག་འཕྲད་པའི་རྒྱུ་རྐྱེན་དེ་གང་ཡིན་ང་ཚོར་ག་རེ་འདང་གི་ཡོད་མེད་ཐོག་བསམ་བློ་གཏོང་དགོས། ཤེས་ཡོན་གྱི་ཆ་ནས་མ་འདང་བ་རྩ་བ་ནས་མེད། ཤེས་ཡོན་ཚད་མཐོ་པོ་ཞེ་དྲག་སླེབས་ཡོད། དེ་བཞིན་དཔལ་འབྱོར་དང༌། ཚན་རིག འཕྲུལ་ཆས་ཐོག་ནས་བརྗོད་ནའང་ཚད་མཐོ་པོ་ཞེ་དྲག་སླེབས་ཡོད། དེ་མིན་ག་རེ་འདང་གི་མེད་བརྗོད་ན་དེ་ནི་གཙོ་བོ་བསམ་བློ་མ་མཐུན་པ་དང་བསམ་བློའི་ནང་བྱམས་བརྩེའི་ཡོན་ཏན་མ་འདང་བའི་རྐྱེན་གྱིས་དཀའ་ངལ་འཕྲད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་ལམ་སྟོན་ཕེབས་ཡོད།

  སྐབས་དེར་གསར་འགོད་པ་ཞིག་གིས་བོད་དོན་དེ་བཟང་ཕྱོགས་ནས་ག་རེ་ཆགས་ཀྱི་ཡོད་མེད་དང༌། ངན་ཕྱོགས་ནས་ག་རེ་ཆགས་ཀྱི་ཡོད་མེད་ཐོག་བཀའ་དྲི་ཞུས་པར་ྋགོང་ས་མཆོག་ནས་བཀའ་ལན་ཕེབས་དོན། བཟང་ཕྱོགས་ནས་བརྗོད་ན། ང་ཚོས་བོད་དོན་དེ་རང་བཙན་གཙང་མ་རྩོད་ལེན་བྱེད་ཀྱི་མེད། དེ་ཡང་བོད་མིའི་ཁེ་ཕན་ལ་ལྟོས་ནའང་རྒྱ་ནག་གི་ཆ་ཤས་སུ་བསྡད་པ་ཡིན་ན་རྒྱ་ནག་དཔལ་འབྱོར་གྱི་ཐོག་ནས་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་སྟབས། དཔལ་འབྱོར་གྱི་མཐུན་རྐྱེན་གྱི་ཆ་ནས་ང་ཚོར་ཕན་ཐོགས་ཡོད་པ་རེད། དེ་དང་ཆབས་ཅིག་ང་ཚོར་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང༌། རིག་གཞུང༌། སྐད་ཡིག་སོགས་བདག་གཅེས་ཡག་པོ་ཞིག་ཡོང་སླད་ངེས་པར་དུ་རང་སྐྱོང་ཚད་ལྡན་ཞིག་ཀྱང་དགོས་ཀྱི་རེད། ང་ཚོས་བསམ་བློ་བཏང་ན། བཟང་ཕྱོགས་ཀྱི་ཐོག་ནས་དེ་དག་ཏན་ཏན་སྒྲུབ་ཐུབ་རྒྱུ་ཞིག་རེད། ངན་ཕྱོགས་ཀྱི་ཐོག་ནས་བརྗོད་ན་དེང་སང་བོད་ཀྱི་གནས་སྟངས་ནི་སྲོག་ཐོག་ལ་འགྲོ་ལ་ཉེ་བའི་མི་ཞིག་གི་གནས་སྟངས་ལྟ་བུ་ཆགས་ཡོད། ད་ལྟའི་རྒྱ་མིའི་གདུག་རྩུབ་ཀྱི་བྱེད་ཕྱོགས་དེ་ལོ་ཉི་ཤུ་སུམ་ཅུ་མུ་མཐུད་གནས་ན། བོད་ཅེས་པ་དེ་འཛམ་གླིང་འདིའི་ནང་ཤུལ་མེད་ཆགས་འགྲོ་བའི་ཉེན་ཁ་ཡོད་པ་རེད། ཡིན་ནའང་ད་ལྟ་ང་ཚོའི་ལངས་ཕྱོགས་དབུ་མའི་ལམ་ཡིན་སྟབས། རྒྱ་ནག་ནང་གི་རྒྱ་རིགས་གནས་ཚུལ་ཤེས་མཁན་དེ་དག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱཻད་ཀྱི་ཡོད་པ་རེད། དངོས་གནས་དེ་ལག་ལེན་དུ་འཁྱེར་འོས་པ་ཞིག་དང༌། རྒྱ་མི་ལ་ལྟོས་ནའང་ཁེ་ཕན་ཡོད་པ་ཞིག་དང༌། རྒྱ་བོད་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་རེད། ཅེས་རྒྱ་ནག་ནང་གི་རྒྱ་མི་ཤེས་ཡོན་ཅན་བོད་ཀྱི་གནས་སྟངས་ཤེས་མཁན་མང་དག་ཅིག་གིས་བོད་ཀྱི་སྐོར་ཆེད་རྩོམ་སུམ་བརྒྱ་ལྷག་ཙམ་འགྲེམས་སྤེལ་བྱས་ཏེ་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། དེ་བཞིན་ཕྱོགས་གཞན་ཞིག་ནས་བསམ་བློ་གཏང་བ་ཡིན་ན། བོད་ཀྱི་རིག་གཞུང་དེ་རྩ་ཆེན་ཞིག་རེད། བྱམས་སྙིང་རྗེའི་རྩ་བ་བཞག་པའི་རིག་གཞུང་ཞིག་ཡིན་དུས་རྒྱ་ནག་མི་རིགས་ལའང་ཕན་ཐོགས་ཡོད་པ་ཞིག་རེད། གནའ་སྔ་མོའི་རྒྱ་ནག་གི་རིག་གཞུང་ཕྱུག་པོ་དེ་ཡང་རིག་གནས་གསར་བརྗེའི་སྐབས་རྩ་མེད་བཏང་བ་དང༌། རྒྱ་ནག་དམར་པོའི་ཀལ་མག་སེ་ལྟ་བ་དེ་ཡང་དངོས་གནས་སྤྱི་ཚོགས་ནང་གྲལ་རིམ་མེད་པའི་ལྟ་བ་དེ་ཡང་རྒྱ་ནག་ནང་རྐང་འཛུགས་མ་ཐུབ་པ་ཡིན་དུས་རྒྱ་ནག་མི་མང་ཚོ་ཀླད་པ་སྟོང་པ་ཆགས་ཏེ་ག་པར་འགྲོ་དགོས་ཡོད་དམ་བསམ་པའི་བསམ་བློར་དཀའ་ངལ་འཕྲད་པའི་སྐབས་དེར་བོད་ཀྱི་བྱམས་སྙིང་རྗེའི་རྩ་བ་ལྡན་པའི་རིག་གཞུང་དེ་རྒྱ་ནག་ནང་དར་ཐུབ་པ་ཡིན། རྒྱ་ནག་མི་མང་ལ་ཕན་ཐོགས་ཆེན་པོ་ཡོང་ཐུབ་པ་ཞིག་ཡིན་དུས་གཉིས་སྨན་དབུ་མའི་ལམ་དེ་རྒྱ་ནག་ཁོ་རང་ཚོའི་ཐོག་ནས་བསམ་བློ་གཏང་བ་ཡིན་ནའང་འོས་ཤིང་འཚམ་པ་ཞིག་རེད། ཅེས་བཀའ་ཕེབས་ཡོད།

  སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་མཛད་འཆར་དེའི་སླད་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཆེད་ཕེབས་མཛད་ཡོད་པ་དང་དེ་ཉིན་ཕྱེད་ཡོལ་མཛད་འཆར་གྲུབ་མཚམས་བཞུགས་སྒར་རྡ་སར་ཆིབས་ཞལ་བསྒྱུར་ཏེ་ཆུ་ཚོད་ ༣ ཡོལ་ཙམ་ལ་བཞུགས་སྒར་ཕོ་བྲང་དུ་ྋཞབས་སོར་བདེ་བར་འཁོད་ཡོད་པ་རེད།། བོད་ཡིག་གསར་གནས་འདི་བོད་གཞུང་དྲ་གནས་སུ་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
སྨིན་དྲུག་ཞིག་གི་དོན་དུ། ཉི་ཟླ་བསྲིངས་དགོས་ཞུས་ན། སྨིན་དྲུག་བློ་སེམས་ཆུང་སོང༌། ཉི་ཟླའི་ཞལ་བཞེས་མི་གནང༌། ། སྐར་ཚོགས་འཕྲ་མོའི་དོན་དུ། ཉི་ཟླ་བརྟན་པར་ཞུས་ན། ཉི་ཟླའི་ཐུགས་བསྐྱེད་དེ་ཡིན། སྨིན་དྲུག་འདོད་སེམས་འགྲུབ་ཡོང༌། །ཉི་མ་དྲོད་འཇམ་ཞིག་གི། དེང་དུས་གོ་ལའི་ཞིང་ལ། པདྨའི་ས་སོན་འདེབས་པ། པདྨ་མ་འཁྲུངས་བར་ཏུ། ། ཉི་མའི་དྲོད་ཞིག་མེད་ན། པདྨ་ཅི་ཞིག་སྐྱེས་བ། དེ་དོན་ཐུགས་ལ་བཅིངས་ནས། བསྐལ་བ་རྒྱ་མཚོའི་བར་ཏུ། མི་འགྱུར་བརྟན་པར་བཞུགས་ཞིག ། ལི་ལྗོངས་ཕོ་ཉ
ཉི་ཟླ་སྨིན་དྲུག་དབར་ལ། ལས་ཀྱི་བསྐོས་པའི་དམ་ཚིག སྨིན་དྲུག་སྐྱིད་སྡུག་གཟིགས་ནས། ཉི་ཟླ་ཡུན་དུ་བཞུགས་རོགས། མགོན་སྐྱབས་བླ་ན་མེད་པ། ྋགོང་ས་ཡིད་བཞིན་ནོར་བུ། ཐུགས་སྲས་དུང་གི་ཟླ་བ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། མུན་པའི་ཡུལ་ལས་རྒྱལ་ནས། ཟླ་འོད་ཤར་རིའི་རྩེ་ལ། མྱུར་ཏུ་ཤར་བའི་གྲོགས་ཞིག བསྟན་འཛིན་བསྟན་སྲུང་ཀུན་གྱི། མྱུར་ཏུ་འཕྲིན་ལས་རྩོལ་ཅིག ཕྱག་དྲུག་ཡིད་བཞིན་ནོར་བུ། དམིགས་བསལ་དུང་ཟླའི་བསྟན་སྲུང༌། མཐུ་དང་ནུས་སྟོབས་ཡོད་ན། ད་ནི་དུས་ཞིག་བབས་འདུག ནུས་མེད་སློབ་བུ་ང་ཡི། སྙིང་ནས་འདོད་སྐུལ་ཡིན་ནོ། ལི་ལྗོངས་ཕོ་ཉ
སྐྱབས་སུ་ཆེ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག གངས་འབྲུག



བརྗོད་གཞི་གཞན་ཁག་ལ་གཟིགས།