བོད་ཀྱི་སྐུ་ཚབ་ཕྱིར་ཕེབས་གནང་ཡོད་ཀྱང་གྲུབ་འབྲས་སྐོར་མི་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

6november20088རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་ཟླ་༡༡ཚེས་༦ཉིན་སྤེལ། བཙན་བྱོལ་བོད་གཞུང་གི་སྐུ་ཚབ་རྣམ་པ་ཉེ་ཆར་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་སྐུ་ཚབ་རྣམ་པ་དང་འབྲེལ་མོལ་གྲུབ་སྟེ་ད་ཆ་ཕྱིར་འཁོར་གནང་ཡོད་ཀྱང་རིང་མིན་ཚོགས་ཆེན་མ་གྲུབ་བར་གནད་དོན་གང་གི་ཐོག་གྲོས་མོལ་གནང་ཡོད་མེད་གསལ་པོ་གསུངས་རྒྱུ་མིན་ལུགས་བཀའ་གནང་ཡོད་པ་རེད།འོན་ཀྱང་རྒྱ་ནག་གཞུང་གི་འབྲེལ་མོལ་གནང་མཁན་ཁྲོད་ཐབས་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་གི་སྤྱི་ཁྱབ་ཏུ་ཆིང་ལིན་གྱིས་གསུངས་པའི་གནད་དོན་ཞིག་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནང་བཀོད་ཐོན་ཡོད་པ་རེད།

དེ་ཡང་ཏཱ་ལའི་བླ་མས་རྒྱལ་རབས་ལ་བརྩི་བཀུར་དང་དངོས་ཡོད་གནང་སྟངས་ལ་གདོང་ལེན་བྱེད་པའི་ཐོག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་འགྲིགས་པ་ཞིག་བཟུང་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་དང༌། དེ་དང་ཆབས་ཅིག་བོད་ལ་རང་བཙན་དང་ཡང་ན་ཕྱེད་རང་བཙན། རང་བཙན་འདྲ་བ་སོགས་མིང་འདྲ་མིན་གང་གི་ངོ་བོའི་ཐོག་ནས་ཀྱང་གླེང་སློང་ཡོང་ཐབས་མེད་པ་ཞིག་རེད། རང་སྐྱོང་གི་གནས་བབས་ཟེར་བ་སོགས་མིང་འཁྱེར་ནས་རྒྱལ་ཁབ་ཆིག་བསྒྲིལ་གྱི་ནུས་པ་གཏོར་བཤིགས་འགྲོ་བའི་ལས་འགུལ་གང་ལའང་སྤེལ་བཅུག་རྒྱུ་མིན་ཞེས་དང༌། གང་ལྟར་བོད་ལ་མཐའ་ན་ཧོང་ཀོང་དང་མ་ཀའོ་གཉིས་གྱི་གནས་བབས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་འདྲའང་སྤྲོད་རྒྱུ་མིན་ཞེས་དཔེ་མཚོན་ཡང་བཞག་ནས་འགྲེལ་བརྗོད་བྱས་ཡོད་པ་ལུང་འདྲེན་བྱས་པ་སོགས་སྐུ་ཚབ་རྣམ་པའི་དབར་གྲོས་མོལ་གྲུབ་པའི་རྗེས་རྒྱ་ནག་གི་ཕྱོགས་ནས་ལངས་ཕྱོགས་འཛིན་སྟངས་གསལ་པོ་བཟོས་ཡོད་པ་རེད།།

དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་གྲུབ་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་གཤམ་དུ་བཀོད་ཡོད་པས་གཟིགས་རོགསཞུ།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ནས་ཕྱི་ལོ་ ༢༠༠༨ཟླ་༡༡ཚེས་༦རེས་གཟའ་ཕུར་བུའི་ཉིན་ལྡི་ལི་གསར་པ་ནས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་གྲུབ་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ངོས་གཉིས་དང་ཕྱག་རོགས་རྒན་པ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དྭགས་པོ་བསོད་ནམས་ནོར་བུ་ལགས་དང༌། བུ་ཆུང་ཚེ་རིང་ལགས། ལས་དོན་ཚོགས་ཆུང་གི་ལས་བྱེད་སྐལ་བཟང་ཚེ་རིང་ལགས་བཅས་ཕྱི་ལོ་༢༠༠༨ཟླ་༡༠ཚེས་༣༠ནས་ཕྱི་ཟླ་ ༡༡ཚེས་༥བར་པེ་ཅིང་དུ་བོད་རྒྱ་འབྲེལ་མོལ་ཆེད་བསྐྱོད་པ་དང༌། ཕྱི་ལོ་༢༠༠༨ཟླ་༡༡ཚེས་༦ཉིན་ང་ཚོ་རྒྱ་གར་དུ་ཕྱིར་ལོག་བྱས་པ་ཡིན།

ཐེངས་འདིའི་འབྲེལ་མོལ་གནང་གཞི་གཙོ་བོ་དེ་ནི་འདི་ལོའི་ཕྱི་ཟླ་༧ནང་བྱས་པའི་ཐེངས་བདུན་པའི་འབྲེལ་མོལ་གྱི་མཇུག་སྐྱོང་དང༌། ཐེངས་འདིར་ང་ཚོས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པའི་ཞུ་སྐུལ་སྙན་ཐོ་ཞིག་ཕུལ་བ་ཡིན།

ཕྱི་ལོ་༢༠༠༨ཟླ་༡༡ཚེས་༤ཉིན་པེ་ཅིང་དུ་ང་ཚོས་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཏུའུ་ཆིང་ལིང་དང༌། འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་དང་ཐུག་འཕྲད་བྱས་པ་ཡིན། དེས་མ་ཟད་ང་ཚོས་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་སྐུ་ཞབས་ཀྲུའུ་ཝེན་ཆོན་དང༌། བློན་ཆེན་གཞོན་པ་སྲིད་མཐར་ལྷན་དུ་གྲོས་བསྡུར་ཉིན་འཁྱོངས་བྱས་པ་ཡིན། ཕྱི་ལོ་༢༠༠༨ཟླ་༡༡ཚེས་༥ཉིན་རྒྱ་ནག་གཞུང་ཕྱོགས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་གཞོན་པ་པདྨ་འཕྲིན་ལས་བཏང་འདུག འཐབ་ཕྱོགས་གཅིག་གྱུར་ནས་རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་དུ་ང་ཚོར་རྒྱ་ནག་གི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སྐོར་མཁས་པ་ཚོས་གནས་ཚུལ་ངོ་སྤྲོད་བྱ་རྒྱུའི་ལས་རིམ་ཞིག་གོ་སྒྲིག་གནང་བྱུང་བ་དེའི་གཙོ་སྐྱོང་ལྟེ་ཁང་འདིའི་འགན་འཛིན་ལྷག་པ་ཕུན་ཚོགས་ལགས་ནས་གནང་བ་རེད།

དེ་རིང་སྔ་དྲོ་ང་ཚོས་ལྡི་ལི་གསར་པར་བཀའ་བློན་ཁྲི་པ་མཆོག་ལ་ཐེངས་འདིའི་འབྲེལ་མོལ་སྐོར་གྱི་འགྲེལ་བརྗོད་རྣམས་ཞུས་པ་ཡིན། བོད་མིའི་དམིགས་བསལ་ཚོགས་ཆེན་དེ་བཞིན་ཟླ་འདིའི་ནང་ཚོགས་ལ་ཉེ་བ་ན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐེངས་འདིའི་འབྲེལ་མོལ་གྱི་གསལ་བསྒྲགས་དེ་དམིགས་བསལ་ཚོགས་ཆེན་འདིའི་གོང་བྱ་མི་རུང་བའི་བཀའ་སློབ་ལམ་སྟོན་བཟང་པོ་ཕེབས་བྱུང༌།

ཐེངས་འདིར་རྒྱ་ནག་ཏུ་འབྲེལ་མོལ་དུ་བསྐྱོད་སྐབས་མགྲོན་བདག་གནང་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་དང༌། པེ་ཅིང་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་བཅས་ནས་སྣེ་ལེན་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀོད་ཡོད་པ་རེད།།

ཐུགས་སྣང༌།

གསལ་བསྒྲགས་ངོ་མ་དེ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་ལ་རྩ་འཛིན་ཡོད་པ་ཞུ།།

བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་གོ་སྡུར་གང་བྱས་སོགས་ཀྱི་སྐོར་རྒྱ་གཞུང་གིས་སྤ་གསང་མེད་པར་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ལ་རང་བཙན་དང་ཐ་ན་ཕྱེད་རང་བཙན་གྱི་གནས་བབ་སོགས་ག་འདྲ་ཞིག་རུང་བཀའ་བསྡུར་ཅི་ནས་བྱེད་རྩིས་མེད་སྐོར། རྒྱ་ནག་གཞུང་གིས་འབྲེལ་ཡོད་དཔོན་རིགས་ནས་ད་རེས་བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ལྷན་དང་མཇལ་མོལ་ཐེངས་བརྒྱད་པའི་སྐབས་བོད་ལ་རང་བཙན་གྱི་རྣམ་པ་མཚོན་པའི་གནས་བབས་དང་ཐ་ན་ཕྱེད་རང་བཙན་གྱི་གནས་བབ་སོགས་ག་འདྲ་ཞིག་རུང་བཀའ་བསྡུར་ཅི་ནས་བྱེད་རྩིས་མེད་སྐོར་གསལ་སྟོན་བྱས་ཡོད་པའི་གནས་ཚུལ་གྱི་ཡིག་ཆ་ངོ་མར་གཟིགས།

༄༅།།ཏུའུ་ཆིང་ལིན་གྱིས་ཏཱ་ལའི་བླ་མ་སྒེར་གྱི་འཐུས་མི་འཁོར་དང་བཅས་པར་མཇལ་འཕྲད་གནང་བ།

ཉེ་ལམ་པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏུའུ་ཆིང་ལིན་གྱིས་ཏཱ་ལའི་བླ་མའི་མི་སྒེར་གྱི་འཐུས་མི་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་འཁོར་དང་བཅས་པར་མཇལ་འཕྲད་གནང་བ་རེད།

ཏུའུ་ཆིང་ལིན་གྱིས་རྒྱ་རི་བློ་གྲོས་འཁོར་དང་བཅས་པར་པེ་ཅིང་གི་ཨའོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྟེང་དུ་གྲུབ་འབྲས་ཆེན་པོ་བླངས་པ་དང༌། འཕུར་གྲུ་ཨང་བདུན་པ་ཞེས་པར་མི་བསྡད་ནས་མཁའ་དབྱིངས་སུ་བསྐྱོད་པ་བདེ་བླག་ངང་ལེགས་འགྲུབ་བྱུང་བའི་གནས་ཚུལ་སྐོར་ངོ་སྤྲོད་གནང་ཞིང༌། དེང་སྐབས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གནས་ཚུལ་སྐོར་དང༌། དེ་མིན་བོད་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་དང་ཤིན་ཏུ་མཐོང་དཀོན་པའི་གངས་སྐྱོན་འགོག་སེལ་བྱས་ཚུལ་སོགས་ངོ་སྤྲོད་གནང་བ་རེད། ཁོང་གིས་འདི་སྐད་དུ། ང་ཚོ་དཀའ་ངལ་དང་ཚོད་བགམ་སྣ་ཚོགས་ལས་རྒྱལ་ཐུབ་པ་དང༌། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གསར་པ་བླངས་ཡོད་པ་མཐའ་དག་གི་རྩ་བའི་རྒྱུ་རྐྱེན་ནི། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པས་ཡིན་ལ། ཀྲུང་གོ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བ་ནི་ནམ་ཡང་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན་པ་དང༌། བོད་ལྗོངས་ཉིད་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་མོའི་ནང་དུ་དར་རྒྱས་ཆེན་པོ་འགྲོ་བཞིན་པ་ནི་ཀུན་གྱི་མིག་གིས་མཐོང་ཚོད་དུ་གྱུར་པའི་དོན་དངོས་ངོ་མ་རེད་ཅེས་གསུངས་པ་རེད།

ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང༌། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་བཅས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཁ་གསལ་བའི་སྒོ་ནས་གཏན་འབེབས་གནང་ཡོད་ལ། བོད་ལྗོངས་ཀྱི་ཆེས་ཆེ་བའི་ཆབ་སྲིད་དངོས་དོན་ཞིག་ཀྱང་ཡིན། “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་ཁས་མི་ལེན་ཞིང་རྩ་ཁྲིམས་དང་རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་མཐའ་དག་ནི་གཏན་ནས་མི་ཆོག “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་དེ་ནམ་ཡང་འགྱུར་བ་མེད་པ་དང༌། སྔར་བཞིན་ལག་བསྟར་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། རྩ་འཛུགས་གང་དང་མི་སྒེར་གང་རུང་ཞིག་ཡིན་རུང་ངེས་པར་དུ་རྩ་ཁྲིམས་གཞི་རྩར་བཟུང་ནས་བྱེད་སྒོ་སྤེལ་བ་དང༌། རྩ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་ཅི་ཐུབ་བྱས་ནས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཞེས་པ་ལག་བསྟར་བྱས་ནས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་དེ་ཡོད་ཚད་ལས་མཐོ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང༌། མཐའ་གཅིག་ཏུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་བཅས་ལ་བརྩི་སྲུང་བྱེད་པ་ནི། རང་རྒྱལ་གྱི་སྣ་གཅིག་པའི་ལམ་ལུགས་ཀྱི་རྒྱལ་ཁབ་སྒྲིག་གཞིའི་རྣམ་པ་བྱེ་བྲག་གིས་མཚོན་པ་ཞིག་ཡིན་པ་དང༌། རྒྱལ་ཁབ་ཁ་ཤས་ཤིག་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་དང་རྒྱལ་ཁག་མཉམ་འབྲེལ་ལམ་ལུགས་དང་མི་མཐུན་ལ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རང་རྒྱལ་གྱི་མི་རིགས་གནད་དོན་སྐོར་ཐག་གཅོད་བྱེད་པའི་རྩ་བའི་སྲིད་ཇུས་ཡིན་པ་དང༌། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན། རྒྱལ་ཁབ་ཀྱིས་ཞང་ཀང་དང་ཨའོ་མོན་གཉིས་ལ་ལག་བསྟར་བྱེད་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་དང་མི་འདྲ་བ་ཡིན། མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་རང་སྐྱོང་དང་ས་ཁོངས་རང་སྐྱོང་ཟུང་འབྲེལ་དམ་ཚགས་བྱེད་པ་ཡིན་ཞིང༌། “ངེས་པ་དོན་གྱི་མི་རིགས་རང་སྐྱོང”ཞེས་པའི་དར་ཆ་འཁྱེར་ནས་མི་རིགས་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་ལས་དོན་གཏན་ནས་སྤེལ་མི་ཆོག་ཅེས་གསུངས་པ་རེད།

ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་འཐུས་ཚང་དུ་གཏོང་བའི་རྩ་དོན་ཀྱི་གནད་དོན་འདིའི་སྟེང༌། དུས་ནམ་ཞིག་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང། འགྱུར་བ་དང་ཡོ་གཟིར་སྤུ་ཙམ་ཡང་མེད་པ་ཡིན་ལ། བོད་ལྗོངས་རང་བཙན་བྱས་མི་ཆོག་ལ་རང་བཙན་ཕྱེད་ཙམ་ཡང་བྱས་མི་ཆོག རྣམ་པ་འགྱུར་བའི་རང་བཙན་ཀྱང་མི་ཆོག་པ་ཡིན། ཏཱ་ལའི་བླ་མས་ངེས་པར་དུ་ལོ་རྒྱུས་ལ་བརྩི་བཀུར་བྱེད་དགོས་པ་དང༌། དངོས་དོན་གནས་ཚུལ་ལ་དོ་སྣང་བྱེད་པ། དུས་རབས་དང་བསྟུན་ནས་རང་ཉིད་ཀྱི་ཆབ་སྲིད་འདོད་བློ་རྦད་དེ་བཅོས་སྒྱུར་བྱེད་པ་དང༌། དྲག་ཤུལ་སྤྱོད་པའི་ཚུལ་གྱིས་བྱས་ཉེས་གསོག་པའི་བྱེད་སྒོ་དང༌། ལྐོག་ཇུས་ལྡན་པའི“བོད་རང་བཙན།” མེས་རྒྱལ་ཁ་བྲལ་དུ་གཏོང་བའི་འདོད་བློ་དང་བྱེད་སྒོ་མཐའ་དག་ལ་ངེས་པ་དོན་གྱིས་རྒྱབ་སྐྱོར་མི་བྱེད་པ། ད་ལོའི་ཟླ༧པའི་ནང་པེ་ཅིང་དུ་གྲོས་མོལ་གནང་སྐབས་བཏོན་པའི་དམ་བཅའ་ལག་ཏུ་བསྟར་ནས་གྲོས་མོལ་གོང་འཕེལ་ཡོང་བར་ཕན་འབྲས་ལྡན་པའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ཏན་ཏན་ཏིག་ཏིག་གིས་གསུངས་པ་རེད།

ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་ཡིན་ལ། གླེང་མོལ་བྱེད་པའི་སྒོ་ཆེན་ནམ་ཡང་ཕྱེས་ཡོད། ད་ལོའི་ཚུན་ལ་རྡུང་བཅོམ་འཕྲོགས་བསྲེག་གི་དྲག་ཤུལ་སྤྱོད་པའི་ཚུལ་གྱིས་བྱས་ཉེས་བསགས་པའི་བྱེད་སྒོ་སྤེལ་ནའང་ང་ཚོས་སྔར་བཞིན་སྔ་ཕྱི་ཐེངས་གསུམ་ལ་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་ཕྱིར་རང་རྒྱལ་དུ་ལོག་ནས་གྲོས་མོལ་གནང་བར་བཀོད་སྒྲིག་གནང་བ་དེས། ཀྲུང་དབྱང་གི་ལྷག་བསམ་ཟོལ་མེད་དང་ཐུགས་སྐྱེད་ཡངས་པ་བཅས་མཚོན་ཡོད་པ་རེད། རེ་བ་ནི་ཏཱ་ལའི་བླ་མས་རྒྱལ་ཁབ་དང་མི་རིགས། ལོ་རྒྱུས། རང་ཉིད་བཅས་ལ་ཕན་པ་ཡོད་པའི་གདམ་གསེས་ཡག་པོ་ཞིག་བྱས་ན་ལེགས་ཞེས་གསུངས་པ་རེད།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་དང་པུའུ་ཀྲང་གཞོན་པ་སྲི་ཐར། བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་འཕྲིན་ལས་བཅས་ཀྱིས་རྒྱ་རི་བློ་གྲོས་འཁོར་དང་བཅས་པར་གྲོས་མོལ་གནང་ཞིང༌། གྲོས་མོལ་གནང་བའི་སྐབས་སུ་འདི་སྐད་དུ། ཀྲུང་དབྱང་གིས་ཏཱ་ལའི་བླ་མས་རྒྱལ་གཅེས་ལངས་ཕྱོགས་འཛིན་པའི་སྒོ་ཆེན་ནམ་ཡང་ཕྱེ་ཡོད་ལ་རྗེས་ཕྱོགས་ཀྱང་སྒོ་ཕྱེ་ངེས། འོན་ཀྱང་བོད་རང་བཙན་དང༌། རང་བཙན་ཕྱེད་ཀ རྣམ་པ་འགྱུར་བའི་རང་བཙན་ཞེས་པའི་སྒོ་ཆེན་དེ་རིགས་འདས་ཟིན་པའི་ནང་དུ་ཕྱེ་མྱོང་མེད་ལ། རྗེས་ཕྱོགས་ཀྱང་ཕྱེ་མི་སྲིད་པ་ཡིན། རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་འབྲེལ་ཡོད་གནད་དོན་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་མ་ཟད། ད་དུང་གླེང་མོལ་གྱི་འབྲེལ་ཡོད་གནས་ཚུལ་སྐོར་ཇི་བཞིན་དུ་ཏཱ་ལའི་བླ་མར་སྙན་ཞུ་འབུལ་རྒྱུའི་བསམ་ཚུལ་བསྟན་པ་རེད།

གྲོས་མོལ་མ་གནང་གོང་ལ། རྒྱ་རི་འཁོར་དང་བཅས་པ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སུ་ལྟ་སྐོར་གནང་བར་ཕེབས་པ་དང༌། པེ་ཅིང་དུ་སྡོད་པའི་རིང་ལ་འབྲེལ་ཡོད་ཆེད་མཁས་པས་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དང་སྲིད་ཇུས། ལག་ལེན་བཅས་ཀྱི་གནས་ཚུལ་སྐོར་རྒྱ་རི་འཁོར་དང་བཅས་པར་ངོ་སྤྲོད་གནང་བ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་ཀྱི་སྐུ་ཚབ་དེ་འདྲའི་སྡུག་ག་ལ། གནས་ཚུལ་སྦ་གསང་མེད་པར་ཕྱི་གསལ་ནང་གསལ་བཟོ་རྒྱུར་ཁོང་ཚོའི་འགན་མ་རེད་དམ།



བརྗོད་གཞི་གཞན་ཁག་ལ་གཟིགས།