ྋགོང་ས་མཆོག་གི་གསུང་རྩོམ་ཨ་རིའི་མཐོ་སློབ་ཀྱི་སློབ་གཞིར་བདམས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

13january20098ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༠༡ཚེས་༡༥ཉིན་སྤེལ། རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་མངའ་སྡེ་ཁལ་ལི་ཕོ་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོར་འདི་ལོ་ཀློག་རྒྱུའི་དཔེ་དེབ་གཙོ་བོ་དེ་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལྗགས་རྩོམ་གནང་བའི་དཔེ་དེབ་གཅིག་ཡིན་འདུག

ཨ་རིའི་གྲོང་ཁྱེར་སན་ཊ་བྷར་བྷ་རཱ་( Santa Barbaraནང་ཡོད་ཁལ་ལི་ཕོ་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་(California University)དཔེ་མཛོད་ཁང་གིས་ལོ་ལྟར་བརྗོད་གཞི་ཞིག་བདམས་ནས་དེ་དང་འབྲེལ་བའི་དཔེ་དེབ་གཅིག་སློབ་ཕྲུག་ཚོར་ཀློག་རྒྱུར་མཁོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། དེར་སློབ་ཕྲུག་དང་དགེ་ལས་བཅས་མཉམ་ཞུགས་ཐོག་ནས་བགྲོ་གླེང་གནང་སྟཻ་གནད་དོན་དང་བརྗོད་གཞི་དེའི་ཐོག་ལ་སློབ་ཕྲུག་དང་ས་གནས་མི་མང་གི་ནང་ལ་གོ་རྟོགས་སྤེལ་རྒྱུའི་ལས་གཞི་ཞིག་ལག་ལེན་བསྟར་གྱི་ཡོད་པ་དང༌། འདི་ལོའི་བརྗོད་གཞི་ནི་ཀུན་སྤྱོད་སྐོར་ཡིན་ཞིང་དེ་དང་འབྲེལ་བའི་དཔེ་དེབ་ནི་ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་སྟོང་ཚོ་གསར་པའི་བཟང་སྤྱོད་(Ethics for the New Millennium)ཅེས་པའི་དཔེ་དེབ་དེ་ཁོང་ཚོས་བདམས་ཡོད་པའི་སྐོར་ལ་ཁལ་ལི་ཕོ་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང༌། བཟང་སྤྱོད་སྐོར་གྱི་བརྗོད་གཞི་དེ་དང་འབྲེལ་བའི་བོད་མིའི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ལྗགས་རྩོམ་གནང་བའི་སྟོང་ཚོ་གསར་པའི་བཟང་སྤྱོད་ཅེས་པའི་དཔེ་དེབ་དེ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་སློབ་རྣམས་ཀྱིས་ཟླ་འདིའི་ཚེས་༡༥ཉིན་ནས་ཀློག་སྟེ་བཟང་སྤྱོད་སྐོར་ལ་སློབ་སྦྱོང་བྱས་རྗེས་དགེ་སློབ་རྣམ་པ་ལྷན་འཛོམས་ཐོག་བགྲོ་གླེང་བྱེད་རྒྱུའི་འཆར་གཞི་ཡོད་པ་མ་ཟད། སློབ་ཕྲུག་ཚོས་བཟང་སྤྱོད་ཀྱི་སྐོར་ལ་རྩོམ་ཡིག་འབྲི་རྒྱུ་དང༌། གཏམ་བཤད་བྱ་རྒྱུ་སོགས་ཀྱི་བྱེད་སྒོ་འདྲ་མིན་མང་པོ་ཞིག་སྤེལ་རྒྱུ་དང༌། ཟླ་འདིའི་ཚེས་ ༢༡ ཉིན་གཙུག་ལག་སློབ་གཉེར་ཁང་དེས་ྋགོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་དེ་ཁྱོན་བསྡོམས་གྲངས་ ༢༥༠༠ བླུ་ཡོན་ཞུས་ཏེ་རིན་མེད་དུ་འགྲེམས་སྤེལ་བྱེད་རྒྱུ་མ་ཟད། སློབ་ཕྲུག་དང་ས་གནས་ཡུལ་མི་བཅས་དཔེ་དེབ་དེ་བླུ་ཡོན་ཞུ་བློ་ཡོད་རིགས་རྣམས་ལ་སློབ་གྲྭ་ཆེན་མོས་རིན་གོང་བརྒྱ་ཆ་ཉི་ཤུ་བཅག་སྟེ་འཚོང་རྒྱུའི་འཆར་གཞི་ཡོད། ཅེས་འཁོད་ཡོད་པ་རེད།

ཁལ་ལི་ཕོ་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་ལས་སྣེས་ད་ལྟའི་དུས་ཚོད་དེར་བཟང་སྤྱོད་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང༌། དེ་དར་སྤེལ་འགྲོ་ཐུབ་པ་ཡིན་ན་སྒེར་སོ་སོའི་ཉིན་རེའི་མི་ཚེ་བདེ་སྐྱིད་དང་ལྡན་པར་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཙམ་མ་ཟད། མི་ཚང་མ་མཛའ་མཐུན་མཉམ་གནས་ཐུབ་པ་སོགས་སྤྱི་ཚོགས་ལའང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། དེར་བརྟེན་ང་ཚོས་གནད་དོན་དེ་གལ་ཆེར་ངོས་འཛིན་བྱས་ཏེ་འདི་ལོའི་ང་ཚོའི་བརྗོད་གཞིར་བཟང་སྤྱོད་བདམས་པ་ཡིན། བཟང་སྤྱོད་དང་འབྲེལ་བའི་དཔེ་དེབ་ལེགས་ཤོས་དེ་ནི་འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མཛད་པའི་ཕྱག་དེབ་དེ་ལས་ལྷག་པ་ཞིག་མིན་འདུག ཅེས་དང༌། མུ་མཐུད་གསུང་དོན། ཏཱ་ལའི་བླ་མ་མཆོག་གི་ཕྱག་དེབ་དེའི་ནང་བཟང་སྤྱོད་ངོ་སྤྲོད་གནང་ཐབས་ཙམ་མ་ཡིན་པར་གང་ཟག་སྒེར་སོ་སོའི་ཉིན་རེའི་འཚོ་གནས་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་དེ་དག་ནི་མི་རིགས་དང༌། ཆོས་ལུགས། རྒན་གཞོན་བར་གསུམ་དབྱེར་མེད་ཐོག་སྐྱེ་འགྲོ་སུ་འདྲ་ཞིག་ཡིན་རུང་ལག་ལེན་དང་ཉམས་ལེན་བྱེད་ཐུབ་རྒྱུའི་བསླུ་མེད་ཀྱི་བཀའ་སློབ་བླ་ན་མེད་པ་རེད། ཅེས་གསུངས་ཡོད་པ་རེད།

སྤྱི་ནོར་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་ནས་ལྗགས་རྩོམ་གནང་བའི་སྟོང་ཚོ་གསར་པའི་བཟང་སྤྱོད་ཅེས་པའི་དཔེ་དེབ་དེར་སློབ་སྦྱོང་བྱེད་རྒྱུ་ཁེལ་ལ་ཕོ་ནི་ཡའི་གཙུག་ལག་སློབ་གཉེར་ཁང་དེ་ཙམ་མ་ཡིན་པར་སན་ཊ་བྷར་བྷ་རཱ་གྲོང་ཁྱེར་ནང་ཡོད་མཐོ་སློབ་དང་འབྲིང་རིམ་སློབ་གྲྭ་བཅས་སློབ་གྲྭ་གཞན་མང་པོའི་ནང་དེ་མཚུངས་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་སྟབས་གྲོང་ཁྱེར་དེའི་ནང་མངའ་སྡེ་གཞུང་གིས་བདག་གཉེར་བྱས་པའི་དཔེ་མཛོད་ཁང་དང་གཞན་དཔེ་མཛོད་ཁང་མང་པོའི་ནང་ཉར་ཚགས་བྱས་ཏེ་མི་སུ་འདྲ་ཞིག་རུང་ལྟ་ཀློག་ཐུབ་པའི་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད་འདུག

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མཛད་པའི་དཔེ་དེབ་སྟོང་ཚོ་གསར་པའི་བཟང་སྤྱོད་ཅེས་པ་དེ་འཛམ་གླིང་ཡོངས་ལ་རྒྱ་ཆེའི་ཀློག་པ་རྣམས་ཀྱིས་དགའ་མོས་དང་དོ་སྣང་ཆེན་པོ་བྱས་པའི་དཔེ་དེབ་སྙན་གྲགས་ཆེ་ཤོས་ཤིག་ཡིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།