རྒྱ་རིགས་རྩོམ་པ་པོ་གསུམ་གྱིས་བོད་དོན་སྐོར་དེབ་གསུམ་བྲིས་པ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༡ཉིན། བྱང་ཨ་རིར་བཞུགས་མཁན་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་གྲན་ཕོ་ཁུང་དང༌། བུད་མེད་རྩོམ་པ་པོ་ལི་ཅང་ལིན། ཁེ་ན་ཌར་བཞུགས་མཁན་རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུའུ་རུའེ་བཅས་ནས་ལོ་འདིའི་ནང་རྒྱ་ཡིག་ཐོག་བོད་དོན་དང་འབྲེལ་བའི་དེབ་རེ་བྲིས་ནས་ཧོང་ཀོང་དང༌། ཐའེ་ཝན་དུ་པར་སྐྲུན་བྱས་ཡོད་འདུག
དེ་ཡང་ཨ་རིའི་སྐུ་ཚབ་དོན་གཅོད་བརྒྱུད་བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ལས་ཕྱི་ཕྱོགས་སུ་སྡོད་མཁན་རྒྱ་རིགས་རྩོམ་པ་པོ་གྲན་ཕོ་ཁུང་དང༌། བུད་མེད་རྩོམ་པོ་་ལི་ཅང་ལིན། དེ་བཞིན་ཁེ་ན་ཌ་གནས་བཞུགས་བུད་མེད་རྩོམ་པོ་ཁྲུའུ་རུའེ་བཅས་ཀྱིས་རྒྱ་ཡིག་ཐོག་བོད་དོན་དང་འབྲེལ་བའི་དེབ་རེ་བྲིས་ནས་ཧོང་ཀོར་དང༌། ཐའེ་ཝན་སོགས་སུ་དཔར་སྐྲུན་བྱས་ཡོད་འདུག་པ་དང༌། རྩོམ་པ་པོ་གྲན་ཕོ་ཁུང་གིས་བྲིས་པའི་དེབ་ཀྱི་མིང་ལ། ཀྲུང་ནན་ཧའེ་ཡི་གདོང་རིས་ངོ་མ། ཟེར་ཞིང༌། དེབ་དེའི་ནང་རྒྱ་ནག་དཔོན་རིགས་ཚོའི་ནང་ཁུལ་དབང་ཆའི་འཐབ་རྩོད་སྐོར་ཞིབ་ཕྲ་བྲིས་ཡོད་པ་མ་ཟད། དེབ་དེའི་ནང་གི་ལེ་ཚན་དྲུག་བོད་དོན་སྐོར་ལ་བྲིས་ཡོད་པ་དེ། ཧོང་ཀོང་དུ་པར་སྐྲུན་བྱས་འདུག
རྩོམ་པ་པོས་ཨ་རི་བོད་གཞུང་སྐུ་ཚབ་དོན་ཁང་དུ་འགྲེལ་བརྗོད་བྱས་པར་གཞིགས་ན། ཁོང་ནས་བྲིས་པའི་དེབ་དེ་ཧོང་ཀོང་ནང་བྲིན་པོ་བྱུང་ནས་པར་ཐེངས་དང་པོ་རྫོགས་ཟིན་པ་དང༌། ད་ལྟ་པར་ཐེངས་གཉིས་པ་པར་སྐྲུན་བྱེད་བཞིན་ཡོད་ཅེས་བརྗོད་འདུག
རྩོམ་པ་པོ་ཀྲུའུ་རུའེ་ཡིས་བྲིས་པའི་དེབ་ཀྱི་མིང་ལ། བོད་སྐོར་ཉན་པ། རྒྱ་རིགས་ཤིག་གི་ལྟ་ཚུལ།ཟེར་ཞིང༌། དེབ་དེའི་ནང་ྋགོང་ས་མཆོག་གིས་འདོན་གནང་མཛད་ཅིང༌། བོད་མི་མང་ཚོགས་བརྒྱ་ཆ་དྲུག་ཅུ་རེ་བཞི་ལྷག་གིས་རྒྱབ་སྐྱོར་ཡོད་པའི་དབུ་མའི་ལམ་ནི་བོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་ཤིག་ཡིན་པའི་སྐོར་དང༌། འདས་པའི་མི་ལོ་ ༥༠ ནང་ྋགོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་བཟང་གསར་གཏོད་མཛད་ཡོད་པ་མ་ཟད། གང་ཉིད་ཀྱི་དབུ་ཁྲིད་འོག་བཙན་བྱོལ་བོད་མི་ཚོས་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་རླབས་ཆེན་ཐོན་ཡོད་པ་སོགས་རྒྱ་རིགས་ཤིག་གི་ངོས་ནས་བོད་དོན་ལ་ལྟ་སྟངས་ཇི་ཡོད་ཞིབ་ཕྲ་བྲིས་ཡོད་པ་རཻད། ཁོང་གིས་བྲིས་པའི་དེབ་དེ་ནི་ཐེ་ཝན་དུ་པར་སྐྲུན་བྱས་ཤིང༌། རྒྱ་རིགས་ཀློག་པ་པོ་ཚོས་ཧ་ཅང་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་རེད་འདུག
རྩོམ་པ་པོ་ལི་ཅང་ལིན་གྱིས་བྲིས་པའི་དེབ་ཀྱི་མིང་ལ། ཕྱི་ལོ་ ༡༩༥༩ ལོའི་ལྷ་ས། ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་དོན་གང་ཡིན་ནམ། ཞེས་ཟེར་ཞིང༌། དེབ་དེ་ཉེ་ཆར་ཧོང་ཀོང་དུ་པར་སྐྲུན་བྱས་པ་དང༌། དེབ་དེའི་ཁྱད་ཆོས་གཙོ་བོ་ནི་ ༡༩༥༩ ལོའི་དོན་རྐྱེན་དངོས་སུ་བརྒྱུད་མྱོང་མཁན་མང་པོར་བཅར་འདྲི་བྱས་པའི་གནས་ཚུལ་དང༌། ྋགོང་ས་མཆོག་ལ་བཅར་འདྲི་ཞུས་པའི་གནས་ཚུལ། རྒྱ་ནག་གཞུང་ནས་ ༡༩༥༩ ལོའི་དོན་རྐྱེན་ལ་འགྲེལ་བརྗོད་གང་འདྲ་བྱེད་ཀྱི་ཡོད་པ། དངོས་ཡོད་གནས་ཚུལ་གང་འདྲ་ཡིན་པ་སོགས་ཕྱི་ལོ་ ༡༩༥༦ ཙམ་ནས་ ༡༩༥༩ ལོའི་བར་གྱི་ལོ་རྒྱུས་ལ་ཞིབ་འཇུག་དང་ཉམས་ཞིབ་ཀྱི་རྣམ་པའི་ཐོག་ནས་བྲིས་ཡོད་པ་རྣམས་ཡིན་འདུག དེབ་དེའི་ཆེད་དུ་ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང༌། ཀ་ལོན་སྦུག རྡོར་གླིང༌། སྒང་ཏོག་སོགས་བོད་མི་འདུས་སྡོད་ས་ཁུལ་ཁག་གི་ནང་དུ་དངོས་སུ་བསྐྱོད་ནས་མི་སྣ་མང་པོར་བཅར་འདྲི་བྱས་ཡོད།
བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལ་གཞིགས་ན། ཕྱི་ལོ་ ༡༩༥༩ ལོའི་ལྷ་ས། ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་དོན་གང་ཡིན་ནམ། ཞེས་པའི་དེབ་དེར་ཀློག་པ་པོ་ཚོས་དོ་སྣང་ཆེན་པོ་བྱས་འདུག་པ་མ་ཟད། དེབ་དེ་ཐོན་ཡོད་པའི་སྐོར་ཁྱབ་བསྒྲགས་ཀྱང་ཆེན་པོ་བྱུང་འདུག གྲན་ཕོ་ཁུང་དང༌། ཀྲུའུ་རུའེ། ལི་ཅང་ལིན་ཁོང་གསུམ་ནི་རྒྱུན་དུ་ནས་བོད་དོན་ཐོག་རྒྱུས་མངའ་ཆེ་ཞིང༌། བརྗོད་གཞི་སྣ་ཚོགས་ཀྱི་རྩོམ་ཡིག་གི་བརྗོད་བྱའི་དོན་དང༌། བརྗོད་བྱེད་ཚིག་ལ་རྒྱ་རིགས་རྩོམ་པ་པོ་ནང་ཁུལ་ནས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཁོང་གསུམ་བོད་དོན་ལ་དོ་སྣང་ཆེན་པོ་ཡོད་སྟབས་སྔ་ལོ་ཕྱི་ཟླ་ ༨ པར་ཇི་ནི་ཝར་སྐོང་ཚོགས་གནང་བའི་རྒྱལ་སྤྱིའི་རྒྱ་བོད་ཚོགས་འདུ་སོགས་བོད་དོན་དང་འབྲེལ་བའི་ཚོགས་འདུ་སྣ་ཚོགས་ལ་ཞུགས་མྱོང་ཡོད་པ་མ་ཟད། བཞུགས་སྒར་དང༌། བོད་མིའི་གཞིས་ཆགས་ཁག་ལ་འཚམས་འདྲི་གཟིགས་སྐོར་དུ་ཕེབས་མྱོང་ཞིང༌།
ྋགོང་ས་མཆོག་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཀྱང་ཐོབ་མྱོང་མཁན་ཞིག་ཡིན། ཁོང་གསུམ་གྱིས་དོན་ཁང་ལ་གསུང་གསལ། རང་དབང་གི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དངོས་སུ་བསྐྱོད་དེ་རྟོག་ཞིབ་བྱེད་རྒྱུའི་གོ་སྐབས་བྱུང་བ་དང༌། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གནས་ཚུལ་སྣ་ཚོགས་ཐོག་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བ་འདིས་དེབ་འབྲི་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་འདུག
ལྷག་པར་ཁོང་གསུམ་ནས་གསུང་གསལ། བོད་མིའི་འཐབ་རྩོད་ནི་བདེན་དོན་རྩོད་ལེན་གྱི་འཐབ་རྩོད་ཅིག་ཡིན་སྟབས་ད་དུང་མུ་མཐུད་ནས་བོད་དོན་སྐོར་དངོས་དོན་དང་མཐུན་པའི་རྩོམ་ཡིག་སྤེལ་རྒྱུ་དང༌། གོ་སྐབས་ནམ་བྱུང་ལ་བོད་དོན་སྐོར་གླེང་སློང་བྱེད་རྒྱུ་ནི་རྩོམ་པ་པོ་ཞིག་གི་དོར་ཐབས་མེད་པའི་འགན་འཁྲི་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་འདུག
བཙན་བྱོལ་བོད་གཞུང་གི་དྲ་ཚིགས་ལས་བཏུས།།