གསར་འགྱུར་གསར་པ།:

རྒྱ་ནག་ཧྲན་ཀྲིན་ནང་རྒྱ་གར་གྱི་ཚོང་པ་༢༡བཀག་ཉར་བྱས་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༣ཉིན། རྒྱ་གར་གྱི་ཧིན་དྷུ་ཞེས་པའི་དྲ་རྒྱའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོ་ཕྱི་ཟླ་༡པོའི་ཚེས་༨ཉིན་རྒྱ་གར་གྱི་ཚོང་པ་༢༡ ལ་༼རྡོ་རྗེ་ཕ་ལམ་༽ནག་ཚོང་བརྒྱབ་པའི་ཉེ་འཛུགས་འོག ད་ལྟ་རྒྱ་ནག་ལྷོ་ཕྱོགས་ཧྲན་ཀྲིན་གྲོང་ཁྱེར་ནང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

འོན་ཀྱང་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཡོད་པའི་རྒྱ་གར་གྱི་ཚོང་པ་རྣམས་ལ། ད་དུང་ཡང་ཁྲིམས་བཤེར་བྱས་མེད་པ་དང༌། ཉེ་ཆར་རྒྱ་གར་ཧིན་དྷུ་ཞེས་པའི་གསར་ཁང་གི་གསར་འགོད་པས་འཛིན་བཟུང་བྱས་པའི་ཚོང་པ་ཞིག་གི་སྐྱེས་དམན་ལ་གནད་དོན་དེའི་སྐོར་བཅར་འདྲི་བྱས་སྐབས། ཁོ་མོས་ངའི་ཁྱོ་ག་རྒྱ་ནག་གི་འཛིན་བཟུང་བྱས་ནས་ཟླ་༧ཙམ་འགྲོ་བཞིན་ཡོད་པ་རེད། འོན་ཀྱང་ཁོང་ཚོས་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གང་ཡང་བྱས་མ་བྱུང་ལ། ཞིབ་དཔྱོད་བྱེད་པར་ད་དུང་ཡང་ཟླ་བ་༢ཙམ་སྒུག་དགོས་ཀྱི་འདུག་ཅེས་བརྗོད་འདུག

དྲ་རྒྱའི་ནང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཚོང་པ་རྣམས་ལ་ནག་ཉེས་ཐག་གཅོད་གང་ཡང་མེད་པ་དུས་ཡུན་ཉིན་གྲངས་༢༠༠ཙམ་བཀག་ཉར་བྱས་པ་ནི། ཁྲིམས་མཐུན་མིན་སྐོར་བརྗོད་འདུག ཚོང་པ་དེ་དག་ནི་རྒྱ་གར་ལྷོ་ཕྱོགས་མོང་བྷེ་དང༌། རྒུ་ཇི་ར་དྷི་སོགས་ནས་ཡིན་འདུག་ལ། ཁོང་ཚོས་མ་གནས་ཨ་སྒོར་ས་ཡ་༧་༣ ཡོད་པའི་༼རྡོ་རྗེ་ཕ་ལམ་༽གྱི་མཛུབ་དཀྲིས་སོགས་ཧོང་ཀོང་ནས་རྒྱ་ནག་ནང་དབོར་འདྲེན་བྱས་སྐབས་འཛིན་བཟུང་བྱས་པ་ཞིག་རེད་འདུག གཞན་ཁོང་ཚོའི་མཉམ་དུ་ཕྱི་རྒྱལ་གྱི་ཚོང་པ་༣༣ཡོད་འདུག

འདི་ལོ་ཕྱི་ཟླ་༤པའི་ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཀ་རིད་ཤ་ནཱ་པེ་ཅིང་དུ་གཟིགས་སྐོར་སྐབས། ཚོང་པ་བཀག་ཉར་གྱི་གནད་དོན་དེ་གང་མགྱོགས་ཐག་གཅོད་དགོས་ཀྱི་ཡོད་སྐོར་བརྗོད་འདུག་ལ། དེ་བཞིན་བདུན་ཕྲག་གཉིས་ཙམ་གྱི་གོང་དུ་ཨིན་དྷར་མཱ་ནིང་པན་ཌིས་གྱིས་རྒྱ་ནག་ཧྲན་ཀྲིན་གྱི་ཚོང་རོགས་འགོ་ཁྲིད་ཚོ་དང་ཐུགས་འཕྲད་ཀྱིས། རྒྱ་ནག་གི་འགོ་ཁྲིད་ཚོར་གནས་དོན་དེ་ཞིབ་དཔྱོད་མགྱོག་པོ་བྱེད་དགོས་སྐོར་བརྗོད་དགོས། ཚོང་པ་རྣམས་དུས་ཡུན་རིང་པོ་བཀག་ཉར་བྱས་པ་ནི་དཔལ་འབྱོར་གྱི་གནས་བབ་ཐོག་ནས་ཁྲིམས་འགལ་ཡིན་སྐོར་བརྗོད་འདུག མ་ཚད་རྒྱ་གར་ཚོང་འབྲེལ་དོན་གཅོད་ཁང་གི་ལས་བྱེད་མི་སྣ་བཀག་ཉར་བྱེད་ཡུལ་དུ་ཐེངས་༤ཙམ་ངོ་བསྐྱོད་བྱས་ཡོད་འདུག

སྤྱིར་འཛིན་བཟུང་བཀག་ཉར་བྱས་པའི་ཚོང་པ་ཚོའི་ཁྱིམ་མི་རྣམས་རེས་གཟའ་ཟླ་བ་དང༌། མིག་དམར། ལྷག་པ་བཅས་ལ་བཀག་ཉར་ཁང་དུ་འགྲོ་ཆོག་གི་ཡོད་འདུག་ཀྱང༌། འདི་ལོ་ཕྱི་ཟླ་༡ཚེས་༨ནས་ནང་མི་ཚོས་ཐུག་འཕྲད་ཐེངས་གཉིས་ལས་བྱུང་མི་འདུག ཐུག་འཕྲད་སྐབས་སུའང་དུས་ཡུན་སྐར་མ་༢༠ལས་སྤྲོད་ཀྱི་མེད་པ་དང༌། སྐབས་དེར་དབྱིན་སྐད་ཁོ་ནའི་ཐོག་ནས་ཕན་ཚུན་སྐད་ཆ་བྱེད་དགོས་ཀྱི་ཡོད་དུས། རྒྱ་གར་གྷུ་ཇི་ར་དྷི་ནས་ཡོང་བའི་ནང་མི་ཚོས་དབྱིན་སྐད་མི་ཤེས་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག ལྟ་སྲུང་ཁང་དུ་ཟ་མ་ཡག་པོ་མེད་པའི་རྐྱེན་གྱིས་བཙོན་པ་རྣམས་གཟུགས་པོ་བདེ་ཐང་མེད་པ་ཆགས་ཡོད་པས་མ་ཚད། རྒྱ་གར་གྱི་ཚོང་པ་མང་པོ་ཞིག་གི་ཆོས་ལུགས་ཇིན་༼གཅེར་བུ་བ་༽ཡིན་འདུག་པས། དཀར་ཟས་ཁོ་ན་སྤྱོད་དགོས་པའི་དཀའ་ངལ་ཡང་ཡོད་འདུག

ཡང་ཚོང་པ་ཚོའི་སྐྱེས་དམན་ཞིག་གིས་ང་ཚོས་ལྟ་སྲུང་ཁང་ལ་ཟླ་རེའི་ཟས་དོད་དུ་རྒྱ་སྒོར་༡༠༠༠༼ཧིན་སྒོར་༧༠༠༠༽སྤྲད་པ་ཡིན། ཟླ་བ་༧ཙམ་རིང་ལ་ངའི་ཁྱོ་གའི་གཟུགས་པོའི་ལྗིད་ཚད་ཀི་ལོ་༡༥ནས་༡༨བར་མར་ཆགས་ནས། ད་ལྟ་གཟུགས་པོའི་གནས་སྟངས་སྐྱོ་པོ་ཆགས་འདུག་ཅེས་དང་། ཡང་ཁོ་མོས་རྒྱ་གར་གྱི་ཚོང་པ་རྣམས་མཚན་མོར་ཆུ་ཚོད་༢ནས་༣བར་ལས་རེས་སུ་ལང་དགོས་ཀྱི་ཡོད་འདུག་པ་དང་། མཚན་ཕྱེད་ཀྱི་ལས་རེས་དེའི་སྐབས་སུ་གལ་སྲིད་སུ་ཞིག་གཉིད་ཤོར་ཚེ་དུས་ཚོད་ལྷག་མ་ལང་དགོས་པའི་ཉེས་ཆད་ཡང་གཏོང་གི་ཡོད་འདུག་ཅེས་འགྲེལ་བརྗོད་བྱས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།