གསར་འགྱུར་གསར་པ།:

དགོངས་ཚུལ།

ཤོག་ལྷེབ་༧༣ཅན་གྱི་བོད་དོན་སྙན་ཐོ།

  ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༡ཉིན། ཨ་རིར་བརྟེན་གཞི་བྱས་ཡོད་པའི་༼འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས༽ཕྱི་ལོ་༢༠༠༨ནས་༢༠༡༠བར་གྱི་བོད་ནང་དུ་རྒྱ་ནག་གཞུང་གིས་རྡུང་གསོད་འཕྲོག་གསུམ་བྱས་པའི་གནས་ཚུལ་༼ངའི་རང་ཉིད་ཀྱི་མིག་གིས་མཐོང་སོང་༽ཞེས་པའི་སྙན་ཐོ་ཤོག་གྲངས་༧༣ཅན་ཞིག་བཏོན་ཡོད་པ་རེད།

དེ་ཡང་ཨ་རིར་བརྟེན་གཞི་བྱས་ཡོད་པའི་འགྲོ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས། ཟླ་འདིའི་ཚེས་༢༡ཉིན། རྒྱ་ནག་གི་མནར་གཅོད་འོག་བོད་ནས་བྲོས་བྱོལ་དང༌། སྐྱབས་བཅོལ་དུ་ཡོང་མཁན་ཁྱོན་བོད་མི་གྲངས་༢༠༠ཙམ་ལ་བཅར་འདྲི་བྱས་པའི་སྙན་ཐོ་༼ངའི་རང་ཉིད་ཀྱི་མིག་གིས་མཐོང་སོང་༽ཞེས་པའི་ཤོག་ལྷེབ་གྲངས་༧༣ཅན་ཞིག་བཏོན་ཡོད་པ་རེད།

སྙན་ཐོ་དེ་ནི་ཕྱི་ལོ་༢༠༠༨ལོའི་ཟླ་༣པའི་ཚེས་༡༠ནས་བཟུང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༠བར་དུ་བོད་མི་རྣམས་འཛིན་བཟུང་བཀག་ཉར་དང༌། རྡུང་གསོད་འཕྲོག་གསུམ་ལ་སོགས་པའི་མནར་གཅོད་ཇི་ལྟར་བཏང་དང་གཏོང་བཞིན་པའི་སྐོར་བཅར་འདྲི་བྱེད་སའི་བོད་མི་དེ་ཚོས་དངོས་སུམ་དུ་མཐོང་བའི་གནས་ཚུལ་ཞིག་རེད་འདུག

ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་ཞུ་གཏུགས་ཀྱི་འགན་འཛིན་སྐུ་ཞབས། སོ་ཕིད་རི་ཆ་ཌི་སུན་ལགས་ཀྱིས། མིག་མཐོང་ལག་ཟིན་གྱི་བདེན་དཔང་མང་པོའི་ནང༌། གོ་གྱོན་མཚོན་ཐོག་མེད་པའི་ཞི་རྒོལ་བ་དེ་ཚོའི་ཁ་གཏད་དུ་རྒྱ་ནག་གཞུང་གིས་སྲོག་ཉེན་ལ་རྒོལ་བའི་ལག་ཆ་མང་པོ་བདེ་སྤྱོད་བྱས་ཡོད་པ་རེད་ཅེས་དང༌། སྙན་ཐོ་འདི་ནི་རྒྱུན་དུ་རྒྱ་ནག་གིས་བསྒྲགས་གཏམ་ཁག་ལ་ཐག་ཆོད་ངེས་ཀྱི་ལེན་འདེབས་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་དུ་དམག་དཔུང་མང་པོ་འགྲེམས་འཇོག་གིས། ཕྱི་རྒྱལ་ཡུལ་སྐོར་བ་དང་གསར་འགོད་པ་ཚང་མ་ཕྱི་འབུད་བཏང་བ་དང༌། བོད་ནང་ཁུལ་དུ་བོད་མིའི་ཚོའི་འགྲུལ་བཞུད་ལ་དམ་བསྒྲགས་ཚད་བཀག་བཟོ་བ། ཏར་འཕྲིན་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་འདྲེག་གཅོད་བྱས་པ། སུ་ཞིག་གི་གནས་ཚུལ་མཁོ་གཏོང་བྱེད་པའི་དོགས་པ་བྱུང་ཚེ་ལམ་སེང་འཛིན་བཟུང་བྱེད་ཀྱི་ཡོད་དུས། གནད་དོན་དེ་དག་གི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ངེས་པར་དུ་ཞིབ་དཔྱོད་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།