བོད་མིའི་འཚོ་བ་ནི་རྩོད་མེད་ཀྱི་བདེ་སྐྱིད་ཡིན་ཟེར།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༠ཉིན། ཟླ་འདིའི་ཚེས་༡༥ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་མགྲིན་ཚབ་པ་ཆིང་ཀང་གིས། དེ་སང་བོད་ནང་དུ་དཔལ་འབྱོང་གྱི་གནས་བབ་མུ་མཐུད་མདུན་བསྐྱོད་དང༌། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་འགན་རྐང་ལྷུ་ལེན་འོག བོད་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་ཡོད་པ་རེད་ཅེས་བཤད་འདུག
དེ་ཡང་ཟླ་འདིའི་ཚེས་༡༥ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསར་འགོད་པ་ཞིག་གིས་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཆིང་ཀང་ལ། ཉེ་ཆར་རྒྱལ་སྤྱིའི་གསར་འགོད་པའི་སྒྲིག་འཛུགས་ཤིག་བོད་ནང་དུ་ལྟ་སྐོར་དུ་བསྐྱོད་ཡོད་པ་རེད། འོན་ཀྱང་ཁོང་ཚོས་རྒྱ་ནག་གི་དམ་བསྒྲགས་འོག་བོད་མི་ཚོར་༼བཙན་གནོན་ཐེབས་ཡོད་༽ཅེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད་པ་དེར་ལན་འདེབས་ཇི་ལྟ་བྱ་རྒྱུ་ཡིན་ཞེས་དྲིས་སྐབས། ཁོང་གིས་དེ་ཚིག་གཅིག་ཏུ་བསྡུས་ན། དོན་དངོས་ནི་རྩོད་གླེང་ཆེན་པོ་ལས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱུ་དེ་རེད། ཁྱོད་ཚོར་མོས་མཐུན་ཡོད་ཀྱང་རུང་མེད་ཀྱང་རུང༌། དེང་སང་བོད་ལྗོངས་ལ་ཆ་མཚོན་ན་དཔལ་འབྱོར་དང༌། སྤྱི་ཚོགས་བྱ་བཞག་རྒྱུན་ཆད་མེད་པ་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད་པ་མ་ཟད། བོད་མིའི་ཐོབ་ཐང་ལ་འགན་སྲུང་གང་ལེགས་བྱུང་ཡོད་པ་རེད། བོད་ལྗོངས་སུ་མི་རིགས་བར་ཕན་ཚུན་མཐུན་སྒྲིལ་བྱུང་ཡོད་ཅིང༌། བོད་མི་རྣམས་ཀྱིས་བདེ་སྡོད་ཀྱི་ལས་ལ་བརྩོན་བཞིན་ཡོད་པ་དེ་དག་ནི་དངོས་ཡོད་གནས་ཚུལ་ཡིན་པས། སུས་ཀྱང་ཁས་ལེན་མི་བྱེད་ཐབས་མེད་རེད་ཅེས་བརྗོད་ཡོད་པ་རེད།
ཉེ་བའི་ལོ་འགའི་ནང་མི་ཚང་མས་བོད་ནང་དུ་བཟོ་གྲྭ་དང༌། གློག་ཁང༌། གྲོང་སྡེ་འཛུགས་སྐྲུན་སོགས་དཔལ་འབྱོར་གནས་བབ་ཅུང་ཙམ་འཕེལ་རྒྱས་སུ་ཕྱིན་པ་དོན་སྣང་བྱུང་ཡོད་ཀྱང༌། དེ་ནི་བོད་མི་ཚོར་མཚོན་ན་དགོས་མཁོ་ངོ་མ་དེ་ཡིན་ནམ། ང་ཚོས་གོ་ཐོས་ལྟར་ན་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་འགན་ལེན་ཁག་ཐེག་བྱས་ཡོད་ཟེར། འོན་ཀྱང་༼འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་༽ནང་གི་སྡེ་ཚན་གང་ཞིག་འགན་ལེན་ཁག་ཐེག་བྱས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས།
དོན་ཚན་༥པའི་ནང༌། སུ་ཡིན་རུང་མནར་གཅོད་གཏོང་བ་དང༌། ཡ་ང་སྙིང་རྗེ་བྲལ་ཞིང་མི་སྤྱོད་ལས་འདས་པའམ། མ་རབས་ཀྱི་སྤྱོད་ཚུལ་བཅས་ཏེ། སྡིག་ཉེས་ཅན་གྱི་བྱ་སྤྱོད་འཛིན་པའི་རིགས་མི་ཆོག་ཅེས་དང༌།
དོན་ཚན་༩པའི་ནང་། སུ་ཡིན་ཡང་བཙན་ཤུགས་ཀྱིས་འཛིན་བཟུང་དང༌། དོ་དམ། ཡང་ན་ཕྱིར་འབུད་བྱེད་པ་བཅས་ཀྱི་མནར་གཅོད་མྱོང་དུ་བཅུག་མི་ཆོག
དོན་ཚན་༡༨པའི་ནང་། སུ་ཡིན་ཡང་རུང་བསམ་བློ་དང༌། དཔྱད་ཤེས། ཆོས་ལུགས་བཅས་ལ་རང་དབང་གི་ཐོབ་ཐང་ཡོད། ཐོབ་ཐང་དེའི་ནང་ཆོས་ལུགས་སམ། དད་མོས་བསྒྱུར་ཆོག་པ་དང༌། རང་ཉིད་ཁེར་རྐྱང་ངམ། གཞན་དག་མཉམ་སྦྲེལ་དང་སྤྱི་ཡོངས་སམ། ཡང་ན་སྒེར་ཁག་བཅས་ནས་ཆོས་དང་དད་མོས་སློབ་སྟོན་བྱེད་པ་དང༌། ཉམས་སུ་ལེན་པ། ཆོས་སུ་སྤྱོད་པ། ཚུལ་ཁྲིམས་སྐུང་བ་བཅས་མངོན་གསལ་དུ་ལག་ལེན་ཆོག་པའི་རང་དབང་བཅས་ཀྱང་ཚུད་ཡོད།
དོན་ཚན་༡༩པའི་ནང་། སྐྱེ་བོ་རེ་རེར་བསམ་བློ་གཏོང་བ་དང༌། བསམ་ཚུལ་ཐད་བརྗོད་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད། ཐོབ་ཐང་དེའི་ནང་གཞན་གྱིས་ཐེ་བྱུས་བྲལ་བའི་མནོ་བསམ་གཏོང་བ་དང༌། ས་མཚམས་ཀྱི་དབྱེ་འགོག་མེད་པར་གནད་དོན་གང་ཡང་རུང་བའི་སྒོ་ནས་གནས་ཚུལ་དང་བསམ་གཞི་སྤེལ་བའམ། འཚོལ་བ། ལེན་པ་བཅས་ཀྱི་རང་དབང་རྣམས་ཀྱང་ཚུད་ཡོད།
འོན་ཀྱང་རྒྱ་ནག་གཞུང་གིས་གོང་གི་དོན་ཚན་གང་ཞིག་འགན་ལེན་དང་ཁག་ཐེག་བྱས་ཡོད་པ་རེད་དམ། དཔེ་མཚོན་ཙམ་ཞུས་ན། ཉེ་ཆར་པོ་ལན་ཌིའི་གསར་འགོད་པ་གཉིས་རྒྱ་ནག་ནང་འཛུལ་ཞུགས་བྱ་རྒྱུར་བཀག་འགོག་དང༌། རྒྱ་ནག་གི་མིང་གཞུང་ནག་པོའི་ནང་ཐོ་འགོད་ཀྱང་བྱས་ཡོད་པ་རེད།
ད་དུང་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་འགན་ལེན་ཁག་ཐེག་བྱས་ཡོད་པ་ཞིག་རེད་དམ། ཕྱི་ལོ་༡༩༥༠ནས་བརྩིས་པའི་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དུ་བོད་མི་ས་ཡ་༡་༣དམར་བསད་བཏང་ཡོད་པ་རེད། འགྲོ་བ་མིའི་རིན་ཐང་ཟེར་བ་ཞིག་གང་ན་འདུག
གཞན་ཡང་རྒྱ་ནག་གཞུང་གིས་ཧི་མ་ལའི་རི་བརྒྱུད་དུ་གཞི་རྒྱ་ཆེ་བའི་ཆུ་མཛོད་ཅིག་སྐྲུན་རྒྱུའི་ལས་འཆར་ཡོད་པ་རེད། འོན་ཀྱང་གཞི་རྒྱ་ཆེ་བའི་ལས་འཆར་དེས། འགྲོ་བ་མིའི་ཐོབ་ཐང་དང་། མི་སྒེར་གྱི་མི་ཚེའི་ འཚོ་བ་དང་འབྲེལ་བའི་གནད་དོན་ཐད་སྐད་ཆ་བཤད་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༠༨ལོར་རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་༥༠༠ཙམ་དམར་བསད་བཏང་ཡོད་པས་མ་ཚད། བོད་མི་༡༠༠༠༠ལས་བརྒལ་བར་རྨས་སྐྱོན་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད། འོན་ཀྱང་རྒྱ་ནག་གཞུང་འབྲེལ་གྱིས་དེའི་ལན་འདེབས་སུ་བོད་མི་༡༠ལས་བསད་མེད་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།