འཇར་མན་གྱི་སྲིད་བློན་རྒྱ་ནག་ཏུ་སླེབས་འདུག
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༦ཉིན། ཟླ་འདིའི་ཚེས་༡༥ཉིན་འཇར་མན་གྱི་སྲིད་བློན་ལྕམ་མིལ་ཁལ་མཆོག རྒྱ་ནག་དང་འཇར་མན་ཡུལ་གཉིས་དབར་གྱི་དཔལ་འབྱོར་འཕེལ་རྒྱས་དང༌། ཚོང་འབྲེལ་མཉམ་ལས་ཀྱི་གྲོས་མོལ་ཆེད་རྒྱ་ནག་པེ་ཅིང་དུ་སླེབས་ནས་རྒྱ་ནག་གི་སྲིད་འཛིན་སྲིད་འཛིན་གཞོན་པ། དེ་བཞིན་སྲིད་བློན་སོགས་དང་ཐུག་འཕྲད་བྱས་འདུག
དེ་ཡང་འཇར་མན་སྲིད་བློན་ལྕམ་མིལ་ཁལ་མཆོག་ཨེ་ཤ་ཡའི་རྒྱལ་ཁབ་ཨུ་རུ་སུའི་ནང་འཚམས་གཟིགས་ལེགས་པར་གྲུབ་རྗེས། ཐེངས་འདིར་འཇར་མན་དང་རྒྱ་ནག་ཡུལ་གཉིས་དབར་གྱི་ཚོང་འབྲེལ་མཉམ་ལས་དང་འབྲེལ་ལམ་གོང་མཐོར་གཏོང་ཆེད། ཁོ་མོས་ཉིན་༤རིང་རྒྱ་ནག་ནང་གཟིགས་སྐོར་བྱ་རྒྱུ་དང༌། ཟླ་འདིའི་ཚེས་༡༥ཉིན་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་དང་ཐུག་འཕྲད་ཀྱིས། དཔལ་འབྱོར་མཉམ་ལས་སྐོར་གྲོས་སྡུར་དང༌། ཕྱི་ཚེས་༡༦ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་དང་ཐུག་འཕྲད་སྐབས། སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཆེད་ཕྱོགས་གཉིས་དབར་གྱི་མཐོ་རིམ་དཔོན་རིགས་ཀྱི་ཐུག་འཕྲད་ཟམ་མི་ཆད་པ་བྱུང་བ་དང༌། འདི་ལོ་ཕྱི་ཟླ་བཞི་པ་ནས་བཟུང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྡུལ་ཕྲན་གནད་དོན་ལྷན་ཚོགས་དེ་བརྩིས་པའི་ཁྱོན་ཐུག་འཕྲད་ཐེངས་གསུམ་ཙམ་བྱུང་ཡོད་པ་རེད། ཕྱོགས་གཉིས་ཀས་འབད་བརྩོན་འོག རྒྱལ་ཁབ་གཉིས་དབར་ཞི་འཇམ་གྱི་འབྲེལ་ལམ་གོང་འཕེལ་དང༌། མཉམ་ལས། རིག་གཞུང་བརྗེ་རེས་སོགས་བྱ་རྒྱུ་ནི་ཧ་ཅང་གི་གལ་འགང་ཆེ་ལུགས་བརྗོད་ཡོད་པ་དང་།
ཁོ་མོས་ཀྱང་འཛམ་གླིང་དཔལ་འབྱོར་གྱི་དཀའ་ངལ་གཉན་འཕྲང་ཅན་གྱི་དུས་འདིར་རྒྱ་ནག་དང་འཇར་མན་རྒྱལ་ཁབ་གཉིས་དབར་གྱི་དཔལ་འབྱོར་མཉམ་ལས་ཀྱི་འབྲེལ་ལམ་གོང་འཕེལ་དང༌། དུས་ཚོད་དམ་འཛིན་ཐོག་དཀའ་ངལ་དེ་ལས་ཐར་ཐབས་འབད་བརྩོན་བྱེད་དགོས་སྐོར་བརྗོད་འདུག
མ་ཚད་ཕྱི་ཚེས་༡༦ཉིན་གྱི་ཕྱི་དྲོར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིང་ཕིང་དང་ཐུག་འཕྲད་ཀྱིས། ཡུལ་གཉིས་དབར་གྱི་འབྲེལ་ལམ་དང་དཔལ་འབྱོར་མཉམ་ལས་སྐོར་གླེང་སློང་བྱས་འདུག འདི་ནི་འཇར་མན་གྱི་སྲིད་བློན་མིལ་ཁལ་མཆོག་སྲིད་བློན་གྱི་ཐུགས་འགན་བཞེས་ནས་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་ཐེངས་༤པ་དེ་ཆགས་ཀྱི་ཡོད་པ་རེད།
འཇར་མན་ནི་ཡོ་རོབ་རྒྱལ་ཁབ་ནང་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གྱི་ཆེས་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། འོན་ཀྱང་དེ་སྔོན་ཕྱི་ལོ་༢༠༠༧ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་གདན་ཞུ་བྱས་པའི་རྐྱེན་གྱིས་ལོ་༢ཙམ་རིང་ཡུལ་གཉིས་དབར་གྱི་འབྲེལ་ལམ་སྐྱོ་རུ་ཕྱིན་ཡོད་པ་རེད། སྤྱིར་འཇར་མན་གྱི་སྲིད་བློན་མཆོག་ནི་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་ཐོག་སེམས་ཁུར་ཆེན་པོ་ཡོད་མཁན་ཞིག་ཡིན་ནའང༌། ཐེངས་འདིར་ཡུལ་གཉིས་དབར་གྱི་འབྲེལ་ལམ་དང་དཔལ་འབྱོར་མཉམ་ལས་ཏེ། གློག་ཆས་འགྲིམས་འགྲུལ་འཕྲུལ་འཁོར་དང༌། ཉི་ནུས། རླུང་ནུས་ཀྱི་འཕྲུལ་ཆས་ལ་སོགས་པའི་མཉམ་ལས་གྲངས་༡༠ཙམ་སྐོར་གྲོས་སྡུར་དང་མི་རྟགས་བཀོད་རྒྱུ་ལས། བོད་དོན་སྐོར་དམིགས་བསལ་གླེང་སློང་བྱ་འཆར་གང་ཡང་མེད་པ་རེད། ཉི་ནུས་དང་རླུང་ནུས་ཀྱི་འཕྲུལ་འཁོར་བཟོ་ལས་དེའི་ཁེ་ཕན་ནི་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ཁོ་ན་མ་ཡིན་པར། འཛམ་གླིང་ལ་འཕྲད་བཞིན་པའི་གོ་ལ་ཚ་དྲོད་ཀྱི་དཀའ་ངལ་ལའང་ཕན་ཐོག་ངེས་ཅན་ཞིག་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།