གསར་འགྱུར་གསར་པ།:

དགོངས་ཚུལ།

དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་བོད་དོན་གླེང་སློང་བྱས་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༥ཉིན། ཉེ་ཆར་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཝི་ལམ་ཧ་གྷུའེ་མཆོག་རྒྱ་ནག་དང་དབྱིན་གཞུང་གཉིས་དབར་གྱི་ཚོང་འབྲེལ་གྱི་གནད་དོན་ཆེད་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་སྐབས། ཁོང་གིས་བོད་ལ་ཚད་མཐོ་བའི་རང་སྲིད་རང་སྐྱོང་དང་འགྲོ་བ་མིའི་ཐོང་ཐང་གི་གནས་བབ་གོང་མཐོར་གཏོང་དགོས་སྐོར་བརྗོད་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༤རེས་གཟའ་ལྷག་པ་ཉིན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཝི་ལམ་ཧ་གྷུའེ་མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇི་ཀྲི་རྣམ་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱལ་ཁབ་གཉིས་དབར་གྱི་ཚོང་འབྲེལ་དང༌། དེ་བཞིན་བོད་དོན་སྐོར་གླེང་སློང་བྱས་ཡོད་པ་རེད། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ང་ཚོས་ཡོ་རོབ་དང་ཨ་རི་ལྟར་བོད་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་དབྱིན་གཞུང་གིས་རྒྱུན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དོན་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། རྒྱ་ནག་གཞུང་གིས་བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲད་དགོས་པ་དང༌། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གོང་འཕེལ་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ལ་གསུངས་འདུག

འོན་ཀྱང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཡང་ཇི་ཀྲི་ཡིས། འཛམ་གླིང་གི་རྒྱལ་ཁབ་ཚོས་བོད་མི་ཚོར་ཁ་བྲལ་གཏོང་བའི་སྡིང་ཆ་ཞིག་མི་སྐྲུན་རྒྱུའི་རེ་བ་དང༌། བོད་ཀྱི་གནས་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་རེད། དབྱིན་ཇིས་ཕྱོགས་ནས་བོད་དོན་ཐོག་འཛིན་པའི་བསམ་ཚུལ་ཁ་ཤས་རྒྱ་ནག་དང་མི་མཐུན་པ་དེ་འདྲ་ཡོད་ཀྱང༌། གནད་དོན་དེས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་ལ་དོགས་ཕོག་ཐེབས་ཀྱི་རེད་བསམས་ཀྱི་མི་འདུག་ཞེས་བརྗོད་འདུག

འདི་ནི་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཝི་ལམ་ཧ་གྷུའེ་མཆོག་གཞུང་འབྲེལ་གྱི་རྒྱ་ནག་ནང་འཚམས་གཟིགས་ཐོག་མ་དེ་ཆགས་ཀྱི་ཡོད་འདུག་པ་དང༌། ཐེངས་འདིའི་ལས་དོན་གཙོ་བོ་ནི་ ཕྱི་ལོ་༢༠༠༩ལོར་རྒྱ་ནག་དང་དབྱིན་ཇི་གཞུང་གཉིས་དབར་མ་གནས་ཨ་སྒོར་ཐེར་འབུམ་༣༩ ལྷག་ཙམ་གྱི་ཚོང་འབྲེལ་གྱི་གནད་དོན་དང༌། ད་དུང་གཞུང་གཉིས་དབར་མུ་མཐུད་ཚོང་སྒྱུར་གྱི་འབྲེལ་ལམ་གོང་འཕེལ་གཏོང་ཆེད་བཅས་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
འབོད་སྐུལ་ལན་བརྒྱར་ཞུ་རྒྱུ།
1 ༢༠༢༠༡༠༡༨༤༨
ཚེ་དབང་མཐར་ཕྱིན།
ངོས་ནས་དབྱིན་ཇིའི་གཞུང་གི་ཕྱི་སྲིད་དྲུང་ཆེན་མཆོག་གིས་དྲང་བདེན་གྱི་ལམ་བུར་སྙིང་སྟོབས་ཆེན་པོས་མདུན་བསྐྱོད་ཀྱིས་བོད་དོན་གླེང་སློང་གནང་བ་ལ་ལག་གཉིས་ཐལ་སྦྱར་གྱིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། མ་གཞི་དབྱིན་་ཇིའི་གཞུང་ནི་བོད་དང་ས་ཁད་ཧ་ཅང་འགྱངས་ནའང་བོད་དོན་སྐོར་རྒྱུས་མངའ་ཆེ་ཤོས་ཀྱི་ཡོ་རོའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། དེར་བརྟེན་དུས་ནས་དུས་སུ་མུ་མཐུད་ནས་རྒྱབ་སྐྱོར་ཚད་མེད་ཡོང་བར་འབོད་སྐུལ་ཡང་ལན་བརྒྱར་ཐུ་རྒྱུ། །་



བརྗོད་གཞི་གཞན་ཁག་ལ་གཟིགས།