རྒྱ་གཞུང་གིས་སྡེ་དྲུག་སྐུལ་སྐུ་ངོས་འཛིན་བྱས་པ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༥ཉིན། རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་ཅུས་ཟེར་བའི་འགྲེམ་སྤེལ་བྱས་པའི་བོད་རྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་དོ་དམ་བྱ་ཐབས་ཟེར་བའི་སྲིད་ཇུས་ལྟར། ཟླ་འདིའི་ཚེས་༤ཉིན་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་གི་བུ་ཕྲུག་བློ་བཟང་རྡོ་རྗེ་ཟེར་བ་ཞིག་སྡེ་དྲུག་སྐུ་ཕྲེང་༥པའི་ཡང་སྲིད་དུ་ངོས་འཛིན་བྱས་པ་ཡིན་ཟེར།
དེ་ཡང་ཟླ་འདིའི་ཚེས་༤ཉིན་རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུ་དང༌། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་འཛིན་གཞོན་པ་བློ་བཟང་རྒྱལ་མཚན། བོད་ལྗོངས་ནང་བསྟན་ཡན་ལག་མཐུན་ཚོགས་ཟེར་བའི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་སོགས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་འདུ་འཛོམས་ཀྱིས་གསེར་བུམ་དཀྲུགས་འདོན་བྱས་ནས། སྡེ་དྲུག་སྐུ་ཕྲེང་ལྔ་པ་འཇམ་དཔལ་སྐལ་བཟང་རྒྱལ་མཚོ་མཆོག་གི་ཡང་སྲིད་དུ་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་གི་བུ་ཕྲུག་བློ་བཟང་རྡོ་རྗེ་ཟེར་བ་ཞིག་ངོས་འཛིན་བྱས་ཡོད་འདུག
ཁོང་ཚོས་བྱེད་སྟངས་འདི་ནི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཟེར་བའི་འགྲེམ་སྤེལ་བྱས་པའི་བོད་རྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་དོ་དམ་བྱ་ཐབས་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་པ་ཡིན་ཟེར།
གཞན་ཡང་གསེར་བུམ་དཀྲུགས་འདོན་སྐབས། ཤིང་གཟའ་བསྟན་འཛིན་ཆོས་གྲགས་དང་། རྡོ་རྗེ་ཚེ་རིང༌། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ས་ལུང་ཕུན་ལགས། ཀྲུང་དབྱངས་འཐབ་ཕྱོགས་གཅིག་གྱུར་པུའུ་དང༌། ལྷ་ས། ལྷོ་ཁ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ། ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི། ཡང་སྲིད་བཙལ་འཚོལ་ཚོགས་ཆུང་གི་ཚོགས་མི་བཅས་ཡོད་པ་རེད་ཟེར། སྐབས་དེར་ཡང་སྲིད་བརྩད་འཚོལ་ཚོགས་ཆུང་གི་ཚོགས་མི་ཟླ་བ་ཚེ་རིང་ལགས་ཀྱིས། སྡེ་དྲུག་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་ནི་དཔེ་ཆ་མཁས་པ་དང༌། རྟོགས་པ་མཐོ་བ། ཆོས་དང་འཇིག་རྟེན་གཉིས་ཀྱི་གནས་ལུགས་རྟོགས་པ། དམངས་ཀྱི་གུས་བཀུར་ཐོབ་པ་བཅས་ཡིན་པས་མ་ཚད། དགའ་ལྡན་ཁྲི་པ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་༡༢པའི་ཡོངས་འཛིན། རྒྱལ་ཚབ་སོགས་ཀྱི་གོ་གནས་ཡང་བཞེས་མྱོང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
སྡེ་དྲུག་སྤྲུལ་སྐུ་སྐུ་ཕྲེང་༥པ་འཇམ་དཔལ་སྐལ་བཟང་རྒྱལ་མཚོ་མཆོག་ནི་ཕྱི་ལོ་༢༠༠༠ལོའི་ཟླ་༣པའི་ཚེས་༡༡ནིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཡོད་འདུག ཐེངས་འདིར་རྒྱལ་གཞུང་གི་ཐོག་མར་ཡངས་སྲིད་ཀྱི་འོས་སྤྲུལ་གཉིས་བདམས་གསེས་བྱས་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།