གསར་འགྱུར་གསར་པ།:

ཆུ་ལོག་ཁྲོད་མི་གྲངས་༡༩༩ཡི་ཚེ་སྲོག་ཤོར་འདུག

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༢༣ཉིན། ཉེ་ཆར་རྒྱ་ནག་ལྷོ་ཕྱོགས་ཁུལ་དུ་དྲག་ཆར་ཆུ་ལོག་གིས་རྐྱེན་པས་ཧ་ལམ་མི་༢༠༠ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང༌། ཞིང་ཆེན་དང་ས་ཁུལ་ཁག་༡༠ཙམ་གྱི་ནང་གནོད་སྐྱོན་ཚབ་ཆེན་ཐེབས་ནས་མི་མང་ས་ཡ་ལྷག་ཙམ་གནས་སྤོ་བྱེད་དགོས་ཐུབ་ཡོད་འདུག

རྒྱ་ནག་གི་ས་ཁུལ་དེ་དག་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དང༌། ད་དུང་ཡང་ཁུལ་དེ་དག་ལ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་གཏོང་རྒྱུ་ཡིན་ཚུལ། དེ་རིང་རྒྱ་ནག་གི་གནམ་གཤིས་བརྟག་དཔྱད་ཁང་གི་བརྙན་འཕྲིན་དང་དྲ་རྒྱ་སོགས་སུ་ཁྱབ་བསྒྲགས་དང་སྔོན་བརྡ་གཏོང་བཞིན་ཡོད་པ་རེད།

རྒྱ་ནག་གི་མི་མང་བདེ་དོན་བློན་ཆེན་གྱིས་ཟླ་འདིའི་ཚེས་༡༣ནས་བཟུང་སྟེ། ཆར་ཞོད་ཆུ་ལོག་གིས་རྐྱེན་པས་ད་བར་མི་གྲངས་༡༩༩ཙམ་གྱི་ཚེ་སྲོག་ཤོར་ཡོད་པས་མ་ཚད། མི་གྲངས་༡༢༣ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཆར་ཞོད་དེས་རྒྱ་ནག་གི་ཞིང་ཆེན་དང་ས་ཁུལ་ཁག་༡༠ཙམ་ལ་གནོད་འཚེ་བཏང་ཡོད་པ་དང༌། དེའི་གྱོང་གུད་ནི་ཧ་ལམ་རྒྱ་སྒོར་ཐེ་འབུམ་༤༢༼ཨ་སྒོར་ས་ཡ་༦༽ཡིན་འདུག གནོད་འཚེ་དེས་རྒྱ་ནག་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པས་ཚོད་དཔག་ཡང་བྱེད་བཞིན་ཡོད་འདུག

རྒྱ་ནག་ལྷོ་ཕྱོགས་ཅང་ཤིན་ཞིང་ཆེན་དུ་བཞུར་བཞིན་པའི་པུ་ཧེ་གཙང་པོ་རབ་ཏུ་རྒྱས་ནས་གཙང་པོའི་གཡས་གཡོན་ཆུ་རག་འགྲམ་གྱི་གྲོང་ཁྱེར་དང་གྲོང་བརྡལ་གྱི་ཉེ་འཁོར་དུ་གནོད་སྐྱོན་ཚབ་ཆེན་བཟོས་པར་བརྟེན། ཅང་ཤིན་ཞིང་ཆེན་གྱི་འགོ་ཁྲིད་ཚོས་མི་མང་ས་ཡ་༡ཙམ་ཕྱིར་འཐེན་དང་གནས་སྤོ་བྱས་ཡོད་འདུག

པུ་ཧེ་གཙང་པོའི་འགྲམ་དུ་གནས་སྡོད་བྱེད་མཁན་པུ་ཀྲུའུ་གྲོང་ཁྱེར་གྱི་མགྲིན་ཚབ་པ་ཡུས་ཧྲན་ཧྭ་ཡིས། དེ་སྔོན་ཁྱོན་མི་གྲངས་༩༣༠༠༠༠ཙམ་གནས་སྤོ་བྱས་ཟིན་པ་རེད། འོན་ཀྱང་ད་དུང་ཡང་ཁྱོན་མི་གྲངས་༥༠༠༠ཙམ་གནས་སྤོ་བྱེད་དགོས་པའི་གནས་སུ་ཐུག་འདུག་ཅེས་ཧྥ་རན་སིའི་གསར་ཁང་གི་གསར་འགོད་པར་འགྲེལ་བརྗོད་བྱས་འདུག

གཞན་ཡང་ཉེ་འཁྲིས་སུ་ཡོད་པའི་པུ་ཅང་ཞིང་ཆེན་གྱིས་གཙང་པོའི་ངོས་སུ་ཆུ་རག་རྒྱག་པ་སོགས་ཆུ་ལོག་སྔོན་འགོག་སོགས་བྱེད་བཞིན་ཡོད་པའི་སྐོར་ཞིང་ཆེན་གྱི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་གསལ་སྟོན་བཞིན་ཡོད་པ་རེད།

ཐེངས་འདིར་རྒྱ་ནག་དབུས་གཞུང་གིས་ཆུ་ལོག་གི་གནོད་འཚེ་ཐེབས་པའི་ས་ཁུལ་དེ་དག་ལ། མྱུར་སྐྱོབ་དང་རོགས་རམ་ཆེད་ཁྱོན་མ་དངུལ་རྒྱ་སྒོར་ས་ཡ་༢༥༣༼ཨ་སྒོར་ས་ཡ་༣༧་༢༽དང༌། དམག་མི་སྟོང་ཕྲག་མང་པོ་མྱུར་སྐྱོབ་ཆེད་བཏང་ཡོད་ཚུལ་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བསྔོ་སྨོན།
1 ༢༤༢༠༡༠༠༠༤༤
སེར་སྨད་བློ་དགའ།
འདི་ནས་ཤི་འཕོས་གྱུར་མ་ཐག །དགའ་ལྡན་གྱི་ཡིད་དགའ་བར། །མྱུར་དུ་བྱམས་མགོན་མཉེས་བྱས་ནས། །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག།
ཨོཾ་མཎི་པདྨེ་ཧཱུཾ་་་་་་་་་་་་་་་་་་་་་་་་



བརྗོད་གཞི་གཞན་ཁག་ལ་གཟིགས།