གསར་འགྱུར་གསར་པ།:

དགོངས་ཚུལ།

སྐྱབས་བཅོལ་བ་ས་ཡ་༤༣ལ་ཞི་བདེའི་འཚོ་ཐབས་དགོས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༢༡ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་འཛམ་གླིང་གི་སྐྱབས་བཅོལ་ཉིན་མོ་དེ་འདི་ཟླའི་ཚེས་༢༠ཉིན་ཁེལ་ཡོད་སྟབས་དེར་སྲུང་བརྩིའི་ཆེད་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་མིའི་སྐྱབས་བཅོལ་བ་རྣམས་ཀྱིས་མཚོན་འཛམ་གླིང་དུ་ཡོད་པའི་སྐྱབས་བཅོལ་ས་ཡ་༤༣ལྷག་ཡོད་པ་དེ་ཚོའི་བདེ་འཇགས་སྲ་བརྟན་ཡར་རྒྱས་དང་ཁོ་ཚོར་ཞི་བདེ་ལྡན་པའི་མ་འོངས་པའི་འཚོ་ཐབས་དགོས་ལུགས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་པེ་ལོ་སེ་མཆོག་གིས་འབོད་སྐུལ་དང་སྦྲགས་ཚེས་༡༨ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

དེ་ཡང་ཁོང་གིས་གསར་འགོད་གསལ་བསྒྲགས་སུ་འཁོད་དོན། རྒྱ་ནག་གི་དྲག་གནོན་འོག་ནས་བོད་མི་༧༠༠༠༠ཡས་མས་ཧི་མ་ལ་ཡའི་རི་མཐོ་གངས་རི་དེ་དག་བརྒྱུད་ནས་རྒྱ་བལ་འབྲུག་གསུམ་ཁུལ་དུ་བྲོས་བྱོལ་ལ་སླེབས་ཡོད་ལ། ད་དུང་ཕན་འབྲས་ཐོན་པའི་གྲུབ་འབྲས་གང་ཡང་ཐོན་མེད་པ་ནི་དེ་ཡང་རྒྱ་ནག་གཞུང་ ཕྱོགས་ནས་ྋགོང་ས་ཏཱ་ལའི་བླ་མ་དང་ལྷན་དུ་ཐད་ཀར་ཞི་བའི་གྲོས་མོལ་བྱུང་མེད་ དབང་གིས་རེད་ཅེས་འཁོད་ཡོད་པ་རེད།

ཁོང་ གིས་མུ་མཐུད་འཁོད་དོན། ཕྱི་༡༩༥༠ཡས་མས་སུ་རྒྱ་ནག་གི་དམག་དཔུང་བཏང་སྟེ་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་བོད་མི་ཚོས་ཆོས་དད་རང་དབང་གིས་གཙོས་རང་དབང་གཞན་བཅས་ཀྱི་ཆེད་རྒྱ་བལ་འབྲུག་གསུམ་ཁུལ་དུ་བྲོས་བྱོལ་ལ་སླེབས་བཞིན་ཡོད་པ་རེད་ཅེས་དང༌། རེས་གཟའ་ཉི་མ་སྟེ་ཟླ་༦ཚེས་༢༠ཉིན་དེར་འཛམ་གླིང་གི་སྐྱབས་བཅོལ་ཉིན་མོ་ཁེལ་སྟབས། སོ་སོའི་བདེ་འཇགས་སོགས་ཀྱི་ཆེད་འཛམ་གླིང་གང་སར་བཙན་ཤེད་ལ་བརྟེན་ནས་སོ་སོའི་ཁྱིམ་ཚུན་ཡང་བཞག་ནས་བློ་སྟོབས་ཆེན་པོས་བྲོས་བྱོལ་དུ་བསྐྱོད་དགོས་བྱུང་བའི་སྐྱེས་པ་དང་བུད་མེད། ཕྲུ་གུ་དེ་རྣམས་ལ་དེ་རིང་ང་ཚོའི་ངོས་ནས་སེམས་ཁུར་བྱེད་བཞིན་ཡོད་ཅེས་གསལ་ཡོད་པ་རེད།

ཡང་ ཁོང་གིས་གསར་འགོད་གསལ་བསྒྲགས་སུ་འཁོད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲངས་བཤེར་བསྡོམས་ཐོར་གཞིར་བཞག་བྱས་པ་ལྟར་ན་ད་ལྟའི་ཆར་གོ་ལའི་ཁྱིན་འདིར་སྐྱབས་བཅོལ་གྲངས་ས་ཡ་༤༣ལྷག་ཡོད་པ་དང༌། དེའི་ནང་ནས་སུད་ཌན་ཡུལ་གྱི་སྐྱབས་བཅོལ་བ་ས་ཡ་༢དང་གྲངས་ཆུང་༦ཙམ་ཟིན་སྟབས་ སྐྱབས་བཅོལ་བའི་གྲངས་འབོར་ཆེ་ཤོས་དེ་ཆགས་ཡོད་ལ། དེ་ཡང་མང་ཤོས་ཡུལ་དེའི་ནང་གི་ས་ཁུལ་ཕར་ཚུར་བཙན་ཤེད་ཀྱིས་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ། དེ་བཞིན་ཡུལ་དེའི་སྐྱབས་བཅོལ་བ་༢༥༠༠༠ལྷག་ཆ་ཌི་ཞེས་ཡུལ་དུ་བྲོས་བྱོལ་ལ་སླེབས་ཡོད་པ་རེད་ཅེས་དང༌། དེ་དག་ཀྱང་ཉེན་བརྡ་བཏང་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་མིན་པར་མིའི་གཞི་རྩའི་དགོས་མཁོ་སྤྱོད་དབང་མེད་པ་སོགས་ཀྱིས་བྱུང་བ་ཞིག་ཡིན། ཁོ་ཚོའི་གནས་སྟངས་ཀྱང་ཧ་ཅང་ཞན་པོ་ཡོད་པ་སྟེ་ཁོ་ཚོ་ནི་ས་ཁུལ་དོག་པོ་དང་ས་ཆ་ཆུང་ཆུང་དེ་དག་དུ་སྐྱོབ་གསོའི་འོག་གནས་ཡོད་པས་ནད་ཡོམས་དང་ཁྲིམས་འགལ། དེ་བཞིན་སྡུག་རྩུབ་གཞན་མང་པོ་ཞིག་མྱངས་དང་མྱོང་བཞིན་པ་སོགས་མི་སྤྱོད་ལས་འདས་དཀའ་སྡུག་ཡོད་པ་རེད་ཅེས་གསལ་ཡོད་པ་རེད།

སུད་ཌན་དང་བོད་གཉིས་ཀྱིས་གཙོས་འཛམ་གླིང་གང་སར་བཙན་ཤེད་ཀྱིས་སྐྱབས་བཅོལ་དུ་གནས་བཞིན་པའི་ཁྱེད་ཚོའི་ཆོད་སེམས་ལ་དེ་རིང་ང་ཚོས་རྗེས་སུ་ཡི་རང་གིས་བསྔགས་བརྗོད་དང་སྦྲགས་མ་འོངས་པའི་ཁྱེད་རྣམས་ཀྱི་བདེ་འཇགས་ས་བརྟན་དང་དྲང་བདེན། ཞི་བདེའི་འཚོ་ཐབས་ཡོང་བར་རོགས་སྐྱོར་ཞུ་རྒྱུ་ཡིན་ལུགས་སོགས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་གསལ་བསྒྲགས་དེར་འཁོད་ཡོད་པ་རེད།།

ཡེ་ཤེས་ཆོས་བཟང་གིས་ཕབ་སྒྱུར་ཞུས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
འགྲོ་དགོས།
2 ༢༢༢༠༡༠༢༢༠༢
གངས་རིའི་དབུ་རྩེར་འགྲོ། ལ་རྒྱའི་གླུ་ཆུང་ལེན། ཁ་བའི་རླུང་རྟ་གཏོར། ང་ཚོ་ཚང་མ་འགྲོ། སྤང་ལྗོངས་སྟེང་ལ་འགྲོ། མེས་པོའི་ལོ་རྒྱུས་གླེང་། གུས་བའིམགོ་བོ་འདུད། ང་ཚོ་ཚང་མའི་བཀུར།
བསྔགས་བརྗོད་དང་གུས་བཀུར་ཞུ་བ།
1 ༢༢༢༠༡༠༡༤༡༧
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེ་སེལ་པྭོ་ལ་མཆོག་གིས་སྤྱིར་འཛམ་གླིང་གི་ཡུལ་གྲུ་ཇི་སྙེད་ན་ཡོད་པའིསྐྱབས་བཅོལ་བ་ཡོངས་ལ་རང་དབང་དང་། ཞི་བདེ་སོགས་དགོས་སྐོར་གྱི་འབོད་སྐུལ་དང་། ལྷག་པར་དུ་བོད་རིགས་སྐྱབས་བཅོལ་བ་ཡོངས་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་བོད་ཀྱི་ཐུན་མིན་གྱི་རིག་གཞུང་དང་། ཡུལ་གོམས་གཤིས་ལུགས་སོགས་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པ་བཅས་དམར་པོའི་གཞུང་ལ་དམིགས་བཀར་གྱིས་གསར་འགོད་གསར་བསྒྲགས་དེ་ལྟར་སྤེལ་གནང་བར་བསྔགས་བརྗོད་དང་ཡི་རངས་ཞུ་རྒྱུ་མ་ཟད་ཁོང་གིས་རྒྱབ་སྐྱོར་ཤུགས་ཆེན་དེ་ལྟ་བུར་གནང་བ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་པ་ཉག་གཅིག་ལས་བྱུང་བ་ཡིན་སྟབས། བདག་ནི་སླར་ཡང་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཚད་མེད་སྐྱེས་སོང་ངོ། །



བརྗོད་གཞི་གཞན་ཁག་ལ་གཟིགས།