གསར་འགྱུར་གསར་པ།:

དགོངས་ཚུལ།

༧གོང་ས་མཆོག་ཉི་ཧོང་དུ་ཞབས་སོ་འཁོད་པ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༡༨ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཁ་ཉིན་ཕྱི་ཚེས་༡༦ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས། ད་ནང་ཞོགས་པར་ཉི་ཧོང་གི་རྒྱལ་ས་ཊོ་ཡོབ་ཏུ་ན་རི་ཊ་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོ་བདེ་བར་འཁོད་ཡོད་པ་རེད།

དེ་ཡང་མགོན་པོ་གང་ཉིད་ཟླ་འདིའི་ཚེས་༡༩ནས་༢༨བར་ཉི་ཧོང་གི་གྲོང་ཁྱེར་ཊོ་ཡོབ་དང༌། ན་གྷ་ནོ། ཁ་ན་ཛ་ཝ། ཡོ་ཀོ་ཧ་མ་བཅས་གྲོང་ཁྱེར་ཁག་བཞིའི་ནང་ཉིན་༡༠ཙམ་རིང་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱང་རྒྱུ་དང༌། ཐེངས་འདིར་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁོ་ན་ལས། ཉི་ཧོང་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོ་དང་མཇལ་འཕྲད་སོགས་གནང་འཆར་གང་ཡང་མེད་པ་རེད།

དེ་ཡང་ཐོག་མར་ཕྱི་ཚེས་༡༩ཉིན་ྋགོང་ས་མཆོག་ཊོ་ཡོབ་ནས་ན་ག་ནོ་གྲོང་ཁྱེར་ལ་༧ཞབས་སོར་བཀོད་རྒྱུ་དང༌། ཉིན་རྒྱབ་གྲོང་ཁྱེར་དེའི་ནང་ཕྱི་ལོ་དུས་རབས་བདུན་པའི་ནང་བཞེངས་སྐྲུན་བྱས་པའི་ནང་པའི་དགོན་པ་སྐད་གྲགས་ཅན་ཏེ་ཛིན་ཀོ་ཇི་དགོན་པའི་མཁན་པོ་གཉིས་དང་མཇལ་འཕྲད་ཐོག མགོན་པོ་གང་ཉིད་ཀྱིས་དགེ་འདུན་པ་དང་མི་མང་སོགས་ཁྱོན་མི་གྲངས་༧༠༠༠ལས་བརྒལ་བར་༼བཟང་པོ་འོད་གསལ་གྱི་ལམ་སྟོན་༽ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་དང་བཀའ་དྲིན་བརྩལ་རྒྱུ་ཡིན་པ་རེད།

མ་ཚད་བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟ་ན། དགོན་པའི་ཚོགས་ཁང་ཆེན་མོའི་ནང་བཀྲིས་ལྷུན་པོའི་དགེ་འདུན་པ་གྲངས་བཅུ་ནས་བཞེངས་པའི་སངས་རྒྱས་འོད་དཔག་མེད་ཀྱི་དཀྱིལ་འཁོར་དེར་རབ་གནས་མཛད་རྒྱུ་དང༌། དེ་རྗེས་ྋགོང་ས་མཆོག་དབུ་བཞུགས་ཐོག་ཛིན་ཀོ་ཇི་དགོན་པའི་ཚོགས་ཁང་ནང་སྐྱེ་རྒུ་མདོར་ས་ཡོམ་བྱུང་བ་དང༌། དེ་བཞིན་འཛམ་གླིང་གི་ས་ཁུལ་གང་སར་འབྱུང་བའི་གོད་ཆག་དང་ཡང་སྒོས་འཛམ་གླིང་ཞི་བདེ་ཆེད་སྨོན་ལམ་དུས་ཡུན་སྐར་མ་༢༠ནས་༣༠ཙམ་འཚོགས་རྒྱུ་ཡིན་འདུག

སྨོན་ལམ་གསོལ་འདེབས་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་གསར་འགོད་པ་ཁག་གཅིག་དང་མཇལ་འཕྲད་ཀྱིས་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་༢༠ཉིན་གྱི་སྔ་དྲོ་ཉི་ཧོང་གི་ཆོས་པ་༢༠༠ཙམ་དང་ལྷན་དུ་ནང་ཆོས་དང་འབྲེལ་བའི་བགྲོ་གླེང་མཛད་རྒྱུ་ཡིན་པ་མ་ཟད། དེ་རྗེས་ཛིན་ཀོ་ཇི་དགོན་པའི་གོ་སྒྲིག་འོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་༧༠༠༠ ཙམ་ལ་ཆོས་འབྲེལ་མཛད་རྒྱུ་ཡིན་པ་རེད།

ཕྱི་ཚེས་༢༡ཉིན་ན་ག་ནོ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སའི་ཧོ་ཇི་ཞེས་པའི་དགོན་པ་རྙིང་པ་ཞིག་ཡོད་པ་དེའི་ནང་ཆིབས་སྒྱུར་བསྐྱང་སྟེ་བོད་ལུགས་དང་མཐུན་པའི་སྐུ་འདྲ་ཕི་ཊི་བརྒྱད་ཙམ་ཡོད་པ་ཞིག་བཞེངས་ཡོད་པ་དེར་རབ་གནས་མཛད་རྒྱུ་དང༌། དགོན་པ་དེའི་ནང་དད་ལྡན་མང་ཚོགས་ ༣༠༠ ཙམ་ལ་བདེན་བཞིའི་སྐོར་བཀའ་ཁྲིད་སྩལ་གནང་མཛད་རྒྱུ་ཡིན་འདུག

དེ་ནས་ྋགོང་ས་མཆོག་ཉིན་རྒྱབ་ཏུ་ཁ་ན་ཛ་ཝར་ྋཞབས་སོར་བཀོད་དེ་ཕྱི་ཚེས་༢༢ཉིན་གྱི་ཕྱི་དྲོ་ཤེས་རབ་སྙིང་པོའི་བཀའ་ཁྲིད་སྩལ་གནང་མཛད་རྒྱུ་ཡིན་པ་དང་སྐབས་དེར་མི་གྲངས་༡༥༠༠ ནས་ ༢༠༠༠ ཙམ་ཞིག་བཀའ་ཆོས་ཞུ་བར་བཅར་རྒྱུའི་གོ་སྒྲིག་ཞུས་ཡོད་འདུག དེར་གདན་ཞུ་ཕུལ་མཁན་དང་གོ་སྒྲིག་ཞུ་མཁན་ནི་བྷ་ཤུ་ཁ་ཡི་ཞེས་པའི་ཆོས་ཚོགས་ཤིག་ཡོད་པ་དང༌། ཆོས་ཚོགས་དེས་བོད་པའི་སློབ་ཕྲུག་གི་ཤེས་ཡོན་དང་རིག་གནས་ཐོག་ལོ་ཡུན་༢༥ཙམ་གྱི་རིང་ཐུགས་འཁུར་ཆེན་པོ་ཞིག་བཞེས་གནང་ཡོད།

ཕྱི་ཚེས་༢༣ལ་སྐུ་ངལ་གསོ་གནང་རྒྱུ། ཕྱི་ཚེས་༢༤སྔ་དྲོ་གྲོང་ཁྱེར་ཡོ་ཀོ་ཧ་མར་༧ཞབས་སོར་འཁོད་རྒྱུ། ཉིན་རྒྱབ་དེར་མཐོ་རིམ་སློབ་གྲྭ་༡༥ཙམ་ཞིག་ནས་ཁྱོན་བསྡོམས་སློབ་ཕྲུག་གྲངས་༡༠༠ཙམ་ལ་དེང་སང་འཛམ་གླིང་ནང་གི་གནད་དོན་མང་པོ་ཞིག་གི་ཐོག་༧གོང་ས་མཆོག་གིས་ངོ་སྤྲོད་གནས་བསྡུས་ཤིག་བསྐྱང་རྗེས་བསམ་ཚུལ་བརྗེ་ལེན་གནང་རྒྱུའི་མཛད་རིམ་ཞིག་ཀྱང་ཡོད་པ་རེད།

ཕྱི་ཚེས་༢༥ཉིན་གྱི་སྔ་དྲོ་སྐུ་ངལ་གསོ་གནང་རྒྱུ་དང་ཉིན་རྒྱབ་དེར་སོ་ཏོ་ཆོས་ལུགས་ཀྱིས་གོ་སྒྲིག་འོག་ྋགོང་ས་མཆོག་གིས་སློབ་ཕྲུག་གྲངས་༡༦༠༠ནས་༢༠༠༠ཙམ་ཞིག་ལ་ཆོས་འབྲེལ་གྱི་བཀའ་སློབ་སྩལ་རྒྱུ་དང༌། སློབ་གྲྭ་དེར་ཕྱི་ལོ་༢༠༠༨ལོར་ཆིབས་སྒྱུར་བསྐྱངས་ཡོད། ཕྱི་ཚེས་༢༦ཉིན་གྱི་སྔ་དྲོ་རྟེན་འབྲེལ་བསྟོད་པ་དང་སེམས་བསྐྱེད་བཀའ་འཁྲིད་སྩལ་རྒྱུ་དང༌། ཉིན་རྒྱབ་མི་མང་ལ་ནང་སེམས་ཀྱི་བདེ་སྐྱིད་དང་ཕན་ཚུན་འཆམ་མཐུན་མཉམ་གནས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་རེད།

སྐབས་དེར་ནང་པའི་རྒྱལ་ཁབ་ཁག་བཞི་ཙམ་ཞིག་ནས་ལུང་པ་སོསོའི་སྐད་ཡིག་ཐོག་ཤེས་རབ་སྙིང་པོ་གདོན་རྒྱུ་དང་སྐབས་དེར་ཀོ་རི་ཡ་དང༌། སོག་པོ། ཨུ་རུ་སུ་སོགས་ནས་མི་སྣ་ཁ་ཤས་དང་གཞུང་ཚབ་ཁག་ནས་བོད་པའི་རིག་གནས་ལ་དོ་སྣང་ཡོད་མཁན་གྱི་མི་སྣ་ཁག་གཅིག་དེ་བཞིན་ཕེབས་རྒྱུ་ཡིན། དེར་ཁྱོན་བསྡོམས་མི་གྲངས་ ༡༠༠༠༠ ཙམ་ཕེབས་རྒྱུའི་གོ་སྒྲིག་དང་འཆར་གཞི་ཡོད་འདུག

ཕྱི་ཚེས་༢༧ཉིན་སོ་ཏོ་ཆོས་ལུགས་ཀྱི་མ་དགོན་གཙོ་བོ་ཞིག་ཡོད་པ་དེ་གནས་གཞན་ནས་ད་ལྟའི་གནས་དེར་སྤོས་ཏེ་ལོ་༡༠༠འཁོར་བའི་དུས་ཆེན་ཉིན་ྋགོང་ས་མཆོག་ལ་གདན་ཞུ་ཕུལ་བ་ལྟར་ཆིབས་སྒྱུར་བསྐྱང་སྟེ་འབྲེལ་ཡོད་ཚོགས་མི་༢༠༠༠ནས་༢༥༠༠ཙམ་ལ་ཆོས་འབྲེལ་བཀའ་སློབ་སྩལ་འཆར་ཡོད་པ་རེད། ཕྱི་ཚེས་༢༧ཉིན་རྒྱབ་དེར་རྒྱ་རིགས་གསར་འགོད་པ་དང་མཁས་པ་ཁག་གཅིག་མཉམ་དུ་མཇལ་ཕྲད་དང༌། ཀོ་རི་ཡའི་མི་གྲངས་༦༠༠ཙམ་ཞིག་ལ་མཇལ་འཕྲད་གནང་འཆར་ཡོད་པ་རེད། ཕྱི་ཚེས་༢༨སྔ་དྲོ་བོད་པ་ཚོར་མཇལ་ཁ་དང་དེའི་རྗེས་སིང་ག་པུར་བརྒྱུད་རྒྱ་གར་དུ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།