རྒྱལ་སྤྱི་རྐང་རྩེད་སྤོ་ལོའི་འགྲན་སྡུར་འགོ་འཛུགས།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༡༡ཉིན། འཛམ་གླིང་ནང་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་འགྲན་སྡུར་༼World Cup༽དེ་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ས་ཇོ་ཧན་ནི་སི་བྷུག་ཏུ་འགོ་འཛུགས་བྱས་ཡོད་པ་དང༌། རྩེད་འགྲན་འདིའི་ནང་ཁྱོན་འཛམ་གླིང་གི་རྒྱལ་ཁབ་ཁག་༣༢ཙམ་གྱི་རྐང་རྩེད་འགྲན་རུ་ཁག་མཉམ་ཞུགས་བྱས་ཡོད་པ་རེད།
རྩེད་འགྲན་འདི་ནི་ཟླ་འདིའི་ཚེས་༡༡ནས་ཕྱི་ཟླ་༧པའི་ཚེས་༡༡བར་ཟླ་བ་༡རིང་རྩེ་རྒྱུ་ཡིན་འདུག་ལ། རྩེད་འགྲན་དུ་འཛུལ་ཞུགས་བྱས་པའི་འཛམ་གླིང་གི་རྒྱལ་ཁབ་༣༢ཀྱི་རྩེད་འགྲན་པ་རྣམས་སྡེ་ཚན་༨ཏུ་བགོས་ཡོད་པ་རེད། སྡེ་ཚན་རེར་རྒྱལ་ཁབ་༤རེ་ཡོད་པ་རེད།
དེ་རིང་དགོངས་མོ་རྒྱ་གར་གྱི་ཆུ་ཚོད་༧་༣༠ཐོག ལྷོ་ཨ་ཧྥི་རི་ཁ་དང་བྱང་ཨ་མི་རི་ཁ་གླིང་ཕྲན་ནས་མེ་སིད་ཀོ་གཉིས་འགྲན་སྡུར་བྱ་རྒྱུ་དང༌། སང་ཉིན་ཕྱི་ཚེས་༡༢ཉིན་གྱི་མཚན་མོ་ཆུ་ཚོད་༡༢ཐོག་ཧྥ་རན་སི་དང་ཨུ་རུ་གྷུའེ་གཉིས་དབར་འགྲན་སྡུ་བྱ་རྒྱུ་རེད།
གཞན་ཡང་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་ཟུར་པ་དང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ནིང་སིང་མན་ཌལ་ལགས་ཀྱི་ཚ་མོ་ཛི་ན་ནིང་མན་ཌ་ལ་ཟེར་བ་དེ་ཁ་སང་རེས་གཟའ་ཕུར་བུ་ཉིན་གྱི་མཚན་མོ་རྩེད་འགྲན་མཛད་སྒོ་དུས་སྟོན་ལས་ལོག་ཕེབས་སྐབས། རླངས་འཁོར་རྡབ་སྐྱོན་བྱུང་ནས་རྐྱེན་འདས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག
སྲས་མོ་ཛི་ན་ནིང་ནི་འདི་ལོ་ལོ་ན་༡༣ཡིན་འདུག་ལ། ཁོང་ཉིད་ཀྱི་འཁྲུངས་སྐར་དུས་སྟོན་ཚར་ནས་ཉིན་གཉིས་ལས་ཕྱིན་མེད་པ་རེད། ཉེན་རྟོག་པས་རླངས་འཁོར་ཁ་ལོ་བ་འཛིན་བཟུང་དང་རག་གཟི་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
ཐེངས་འདིར་དགུང་ལོ་༩༡ལ་ཕེབས་པའི་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་ཟུར་པ་དང་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ནེ་སིང་མན་ཌ་ལ་མཆོག་རྒྱལ་སྤྱི་རྐང་རྩེད་སྤོ་ལོ་འགྲན་སྡུར་གྱི་དབུ་འབྱེད་མཛད་སྒོ་ཐོག་མི་ཕེབས་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།
འོན་ཀྱང་ཐེངས་འདིར་ཁོང་ཉིད་རྩེད་འགྲན་མཛད་སྒོ་དབུ་འབྱེད་ཐོག་མ་ཕེབས་པ་དེ་རླངས་འཁོར་རྡབ་སྐྱོན་འོག་ཁོང་ཉིད་ཀྱི་ཚ་མོ་རྐྱེན་འདས་སུ་ཕྱིན་པའི་རྐྱེན་གྱིས་ཡིན་མིན་ཤེས་རྟོགས་བྱུང་མེད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།