༧གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུ་རེད།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༡༠ཉིན། དུས་རབས་བདུན་པའི་ནང་བཞེངས་སྐྲུན་བྱས་པའི་ནང་པའི་དགོན་པ་སྐད་གྲགས་ཅན་ཏེ། ཉི་ཧོང་ནཱ་ག་ནོ་གྲོང་ཁྱེར་དུ་ཡོད་པའི་ཛིན་ཀོ་ཇི་དགོན་པས་གདན་ཞུ་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཚེས་༡༨ནས་༢༨བར་ཉིན་གྲངས་༡༠ཙམ་རིང་ཉི་ཧོང་དུ་ཆིབས་བསྒྱུར་དང་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག
དེ་ཡང་ཛིན་ཀོ་ཇི་དགོན་པས་གསར་འགོད་གསལ་བསྒྲགས་ཐོག དེ་སྔོན་ལོ་གཉིས་ཙམ་གྱི་གོང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགོན་པ་འདིར་སྟོན་པའི་སྐུ་བརྙན་ཞིག་དང་ཞི་བདེའི་བཀའ་སློབ་སོགས་གནང་མྱོང་ཡོད་པ་རེད་ལ། མ་འོངས་ཆིབས་བསྒྱུར་དེའི་སྐབས་སུའང་དགོན་པ་འདིར་ཕེབས་ནས་དགོན་པའི་མཁན་པོ་གཉིས་དང་མཇལ་འཕྲད་ཐོག མགོན་པོ་གང་ཉིད་ཀྱིས་དགེ་འདུན་པ་དང་མི་མང་སོགས་ཁྱོན་མི་གྲངས་༧༠༠༠ལས་བརྒལ་བར་༼བཟང་པོ་འོད་གསལ་གྱི་ལམ་སྟོན་༽ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་དང་བཀའ་དྲིན་བརྩལ་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཛིན་ཀོ་ཇི་ཞེས་པའི་དགོན་པ་དེ་ནི་ཕྱི་ལོ་དུས་རབས་༧པའི་ནང་ཡོད་པའི་ནང་པའི་དགོན་པ་རྩ་ཆེན་ཞིག་དང་། ཉི་ཧོང་མི་མང་རྣམས་ཀྱིས་གུས་རྩི་ཆེན་པོ་བྱེད་ས་ཞིག་ཀྱང་རེད་འདུག མ་ཚད་ལོ་གཉིས་ཙམ་གྱི་སྔོན་དུ་རྒྱལ་སྤྱིའི་གསར་འགོད་པ་ཚོས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཏུའང་འགྱུར་ཡོད། གང་ཡིན་ཟེར་ན། ཕྱི་ལོ་༢༠༠༨ལོར་དགོན་པ་དེས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དགོན་པ་དེ་ནས་སྐོར་སྐྱོེད་བྱ་རྒྱུར་ངོས་ལེན་བྱས་མེད་པ་དང་། ཁོང་ཚོས་རྒྱུ་མཚན་ནི། རྒྱ་གཞུང་གིས་བོད་ནང་དུ་མི་བསད་ཁྲག་སྦྱོར་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ཡིན་ལུགས་སྐབས་དེར་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།
དེ་ཡང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་མགོན་པོ་གང་ཉིད་ཉིང་ཧོང་དུ་ཕེབས་སྐབས་མཛད་འཆར་སྤེལ་གསལ་ལྟར་ན། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ཉི་ཧོང་ན་ག་ནོ་རུ་ཛེན་ཀོ་ཇི་དགོན་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་༼བཟང་པོའི་འོད་གསལ་གྱི་ལམ་སྟོན་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཚེས་ ༢༢ ཉིན་བོད་མི་སྐྱབས་བཅོལ་བར་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གི་བྷུ་ཤོ་ཀི་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་ཕྱེད་རིང་༼ཤེས་རབ་སྙིང་པོའི་བཀའ་ཁྲིད་༽གནང་རྒྱུ།
དེ་བཞིན་ཕྱི་ཚེས་ ༢༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་ཡོ་ཀོ་ཧ་མ་རུ་ཉིན་ཕྱེད་རིང་༼རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་༽དང༌། ༼གཞན་དོན་སྒྲུབ་པའི་ལྟ་བ་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་། ཚེས་ ༢༦ ཉིན་ ཉི་ཧོང་ཡ་ཀོ་ཧ་མ་རུ་མི་མང་ལ་༼བདེ་སྐྱིད་ཀྱི་སྙིང་པོ་དང་ཞི་བདེ་མཉམ་གནས་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་བཅས་སྩལ་རྒྱུ་རེད་འདུག
ཐེངས་འདིར་ཀོ་རི་ཡ་དང་། སོག་པོ། ཨུ་རུ་སུ། ཐའེ་ཝན་བཅས་ནས་དད་ལྡན་ཆོས་ཞུ་བ་མང་པོས་རེ་སྐུལ་ལྟར། གང་ཉིད་ཀྱི་གསུང་ཆོས་དང་བཀའ་སློབ་གོ་སྒྲིག་ཚོགས་སྡེ་ཁག་ནས། གསུང་བསྒྱུར་བ་སོགས་ཀྱང་གོ་སྒྲིག་ཞུ་རྒྱུ་ཡིན་འདུག མ་ཚད་ལུང་པ་དེ་དག་ནས་ཡོང་བའི་དགེ་འདུན་པ་བཅས་ནས་གསུང་ཆོས་སྐབས་དམིགས་བསལ་ཞལ་འདོན་སྨོན་ལམ་སོགས་ཀྱང་ཚོགས་འཆར་ཡོད་འདུག ད་ལྟའི་ཆར་ཡ་ཀོ་ཧ་མའི་ས་གནས་དེར་མི་མང་སྟོང་ཚོ་༡༠ལས་བརྒལ་བས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་འདུག་ལ། གཞན་ཡང་སྐབས་དེར་གསར་ཁང་དང་གསར་འགོད་པ་མང་པོ་ཞིག་གིས་རེ་ཞུས་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསར་འགོད་པའི་དྲི་བར་དྲིས་ལན་ཡང་གནང་རྒྱུ་ཡིན་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།