ྋགོང་ས་མཆོག་གིས་རྒྱ་རིཌ་དང་ལྷན་དུ་དྲ་ཐོག་གླེང་མོལ་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༥ཚེས་༢༢ཉིན། ཟླ་འདིའི་ཚེས་༢༡ཉིན། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གི་ཌི་ཝེ་ཌིར་༼Twitter༽་བེད་སྤྱོད་པ་དག་དང་ལྷན་དུ་དུས་ཡུན་ཆུ་ཚོད་གཅིག་རིང་ལ་ཌི་ཝེ་ཌིར་དྲ་ལམ་བརྒྱུད་དེ་བོད་དོན་དང་འབྲེལ་བའི་བརྗོད་གཞིའི་སྒང་ལ་བཀའ་མོལ་གནང་འདུག་ལ། རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞོང་ལགས་ཀྱིས་ཐེངས་འདིའི་དྲ་ཐོག་གླེང་མོལ་འདི་གཙོ་སྐྱོང་ཞུས་ཡོད་འདུག

རྒྱ་ནག་གི་དྲ་རྒྱ་བེད་སྤྱོད་པ་༡༢.༠༠༠ལྷག་གིས་ཐེངས་འདིའི་དྲ་ཐོག་གླེང་མོལ་ལས་རིམ་ཁྲོད་ཆ་ཤས་བླངས་ཏེ་ྋགོང་ས་མཆོག་ལ་དྲི་བ་༢༥༠ལྷག་བཏོན་འདུག་ཅིང༌། དྲི་བ་དེ་དག་དྲ་རྒྱ་བེད་སྤྱོད་པའི་དགའ་མོས་དང་རྒྱབ་སྐྱོར་གྱི་བསམ་ཤོག་ལ་གཞིགས་ནས་དབྱེ་འབྱེད་བྱས་རྗེས། དགའ་མོས་དང་རྒྱབ་སྐྱོར་ཆེས་མང་ཤོས་ཐོབ་པའི་དྲི་བ་རྣམས་ཝང་ལི་ཞོང་ལགས་ཀྱིས་ྋགོང་ས་མཆོག་གི་ཌི་ཝེ་ཌི་དྲ་ངོས་སུ་ཐད་ཀར་བཀོད་ཡོད་འདུག

དེ་ཡང་རྒྱབ་སྐྱོར་བསམ་ཤོག་༥༥༦ཐོབ་པའི་དྲི་བ་ཚ་ཤོས་ཤིག་ནི་འདི་ལྟར། ྋགོང་ས་མཆོག་ལགས། ཁྱོད་རང་སྐུ་གཤེགས་རྗེས་རྒྱ་ནག་དབུས་གཞུང་གིས་རྒྱ་ནག་ནང་ཁུལ་ནས་སྐུ་ཉིད་ཀྱི་ཡང་སྲིད་དེ་འཚོལ་ཐག་ཆོད་རེད། གནད་དོན་འདིའི་ཐད་ཁྱོད་རང་ལ་འཆར་གཞི་ག་རེ་ཡོད་དམ། ཞེས་དྲི་འདོན་བྱས་ཤིང༌། དེའི་དྲིས་ལན་དུ་མགོན་པོ་གང་ཉིད་ཀྱིས། ཕྱི་ལོ་༡༩༦༩ལོར། ངོས་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ནས་བྱོན་མིན་དེ་བོད་རིགས་རྒྱ་ཆེའི་མི་མང་གི་ཐག་གཅོད་ལ་རག་ལས་ཡོད་ཅེས་གཞུང་འབྲེལ་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་བྱས་ཡོད། དེ་བཞིན་དུ་ཕྱི་ལོ་༡༩༩༢ལོར་བསྐྱར་དུ་བོད་དོན་བདེན་མཐའ་སེལ་བའི་ཉིན་མོ་དེ་ནས་བཟུང༌། ངོས་ཀྱིས་རང་གི་དབང་ཚད་ཆ་ཚང་མི་མང་གིས་འདེམས་བསྐོས་བྱས་པའི་དབུ་ཁྲིད་དེར་སྤྲོད་ངེས་ཡིན་ཞེས་གཞུང་འབྲེལ་གསལ་ཁྱབ་ཅིག་ཀྱང་སྤེལ་ཡོད།  ཕྱི་ལོ་༢༠༠༡ལོར་བཙན་བྱོལ་བོད་དུ་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་པའི་མང་གཙོའི་སྒྲིག་སྲོལ་དར་འགོ་ཚུགས་ཤིང༌། བཀའ་བློན་ཁྲི་པ་དེ་ལོ་༥རེའི་ནང་བསྐྱར་དུ་འོས་འདེམས་བྱེད་ཀྱིན་ཡོད། དེ་བས་ངོས་ཀྱིས་བསམ་པར། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ལུགས་སྲོལ་དེ་གལ་ཆེན་པོ་མ་རེད། ཏཱ་ལའི་བླ་མའི་ཡང་སྲིད་རིམ་བྱོན་ཐད་ལ་ངོས་རང་ལས་རྒྱ་གཞུང་གིས་དོ་ཁུར་ཤུགས་ཆེར་བྱེད་ཀྱིན་འདུག་སྟབས། མ་འོངས་པར་པཎ་ཆེན་གཉིས་བྱོན་པ་ལྟ་བུ་ཆགས་སྲིད་ཅིང༌། དེར་དགེ་ཕན་ཅི་ཡང་ཡོད་མི་སྲིད། ཅེས་བཀའ་ལན་གནང་ཡོད་འདུག

བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་བ་དང་དེ་ཇི་ལྟར་སྲུང་སྐྱོབ་བྱེད་ཕྱོགས་སྐོར་ལ་ྋགོང་ས་མཆོག་གིས་བཀའ་ལན་འདི་ལྟར་ལྡོན་ཡོད་དོན། བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་བ་དེ་ཕྱི་ལོ་༡༩༤༩ལོའམ་༡༩༥༩ལོར་གཞི་ནས་འགོ་ཚུགས་པ་ལྟ་བུ་ཞིག་མིན་པར། འབྲེལ་བ་དེ་ལོ་ཆིག་སྟོང་ཡར་སྔོན་ནས་ཆགས་པ་ཞིག་རེད།  འབྲེལ་བ་དེ་མཚམས་ལེར་ཞི་བདེ་དང་མཚམས་ལེར་རྩོད་རྙོག་ཅན་ཏུ་གྱུར་ཡོད་ལ། ད་ལྟའི་ཆར་གྱི་བོད་རྒྱའི་འབྲེལ་བ་དེ་རྩོད་རྙོག་ཅན་གྱི་དུས་རིམ་ཁྲོད་ལྷག་ཡོད་ཅེས་ལབ་ན་མ་འགྲིགས་པ་མི་འདུག འོན་ཀྱང་རྩོད་རྙོག་དེ་སྲིད་གཞུང་གིས་བསྐྲུན་པ་ལས་མི་མང་གིས་བཟོས་པ་ཞིག་མ་རེད། གཞན་ཡང་གནད་འགག་གཙོ་བོ་དེ་ཏིན་ཞའོ་ཕིན་དང་ཧའོ་ཡོ་པང་སོགས་ཀྱི་དངོས་ཐོག་བདེན་འཚོལ་གྱི་སྲིད་བྱུས་ལག་བསྟར་མ་བྱས་པར་ལེན་པར་འདོདོ། གལ་སྲིད་སྲིད་གཞུང་ཕྱི་གསལ་ནང་གསལ་ཆགས་ཏེ་དངོས་དོན་ལ་གདུང་ལེན་བྱེད་ཐུབ་པ་བྱུང་ཚེ། བོད་རྒྱའི་འབྲེལ་བ་གོང་མཐོར་འགྲོ་ངེས་པ་མ་ཟད ། ལྐོག་ཟ་རུལ་སུང་གི་ཚད་ཀྱང་ཇེ་ཉུང་དུ་གཏོང་ཐུབ་ངེས་རེད། ཅེས་བཀའ་ཕེབས་ཡོད་འདུག

མཇུག་མཐར་ྋགོང་ས་མཆོག་གིས་རྒྱ་ནག་གི་མའོ་དང༌། ཏིན། ཅང༌། དེ་བཞིན་ཧུའུ་སོགས་སྲིད་འཛིན་སོ་སོའི་དུས་སྐབས་སོ་སོར་རྒྱ་གཞུང་གི་སྲིད་བྱུས་ལ་བླ་ལྷག་གི་འཕོ་འགྱུར་བྱུང་ཡོད་པ་རེད། དེ་བས་འབྱུང་འགྱུར་ནང་རྒྱ་ནག་གི་མི་རིགས་སྲིད་བྱུས་དང༌། ལྷག་པར་དུའང་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཏན་ཏན་འགྲོ་ངེས་ཡིན་པར་ངོས་ལ་ཡིད་རྟོན་ཡོད་ལ། ཕན་ཚུན་གཉིས་ཕན་གྱི་གཞི་རྩའི་ཐབས་ལམ་བརྒྱུད་གནད་དོན་ཐག་གཅོད་ཐུབ་ངེས་ཡིན། ཞེས་གསུངས་ཡོད་འདུག

དྲ་མཐུད་འདིར་སྣུན་ཏེ་ྋགོང་ས་མཆོག་དང་རྒྱ་རིགས་དབར་གྱི་དྲ་ཐོག་ལབ་གླེང་རྒྱས་པར་གཟིགས་རོགས།http://docs.google.com/View?id=df2gh45v_15cjqqdcgb

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༣༢༠༡༠༡༡༤༥
བྲག་འགོ་དཀོན་མཆོག་དར་རྒྱས།
བསམ་མཚར་འབྲི་སའི་
1 ༢༣༢༠༡༠༠༩༣༡
ང་རང་གི་རྩིས་འཕྲུལ་ནང་དུ་ཧི་གཟུགས་ཡོད་ཀྱང་དྲ་ངོས་ཕྱོགས་གཅིག་གི་ཡི་གེ་ལ་བལྟ་ཐུབ་པ་མ་བྱུང། འོ་རེད། རང་ལ་རེ་བའམ་བསམ་ཚུལ་ཞིག་ཞུ་རྒྱུ་ཡོད་པ་ནི་དྲ་ངོས་སུ་གནས་ཚུལ་སྤེལ་སྐབས་ཐིག་ཕྲེང་གཅིག་གི་ནང་དུ་ཡིག་འབྲུ་བཞི་བཅུ་ཞེ་གཉིས་ཞེ་གསུམ་ལས་མ་བརྒལ་བར་བྲིས་ན་བཟོད་དྲ་ངོས་ཀྱི་ཡི་གེ་རྣམས་མགོ་རྐང་ཚང་བ་ཞིག་ཀློག་ཐུབ་ཀྱི་འདུག་པས ་དེ་ལྟར་ཁྱེད་གསར་ཁང་དང་གནས་ཚུལ་དང་བསམ་ཚུལསྤེལ་མཁན་་གྱི་གྲོགས་པོ་ཡོངས་ཀྱི་ཐུགས་འཇག་ཡོད་པར་ཞུ། དེ་ལྟར་ཞུ་དོན་ནི་། དྲ་ངོས་སུ་གནས་ཚུལ་དང་བསམ་ཚུལ་སོགས་སྤེལ་རྒྱུ་ནི་ཁྱབ་བསྒྲག་དང་རང་རང་ སོ་སོའི་བསམ་བློ་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཆེད་རེ། ཡིན་ན་ཡང་དྲ་ངོས་ཀྱི་ཡི་གེ་ཕྱོམ་གཅིག་་མ་གཏོག་ཀློག་མ་ཐུབ་ཚེ་གནས་ཚུལ་གང་ཁྱབ་བསྒྲག་བྱེད་ཀྱི་ཡོད་པ་དང་བསམ་ཚུལ་གང་འདོན་གྱིན་ཡོད་པ་གོ་ཐུབ་ཀྱི་མི་འདུག་དེ་ལྟར་ཡིན་ཚེ་གནས་ཚུལ་འགོད་མཁན་ཚོའིདཀའ་ཚེགས་ཆུད་ཟོས་དང་བལྟ་མཁན་ཚོའི་ཡིད་ཕྱིན་པ་ལས་ཅི་ཡང་མི་འདུག་སྙམ།་དེས་ན་གནས་སྐབས་འདི་ལྟར་བྲིས་ན་དགའ་བ་མ་ཡིན་ནམ། མཇུག་མཐར་གསལ་ཁང་གིས་དྲ་ངོས་གསར་པ་མྱུར་དུ་ལེགས་འགྲུབ་ཡོང་བའི་སྨོན་ཚིག་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།