ངོས་ནི་མཱ་ཁེ་སི་རིང་ལུགས་པ་ཞིག་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༡ཉིན། ངོས་ནི་ད་དུང་ཡང་མཱ་ཁེ་སི་རིང་ལུགས་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཞེས། ཁ་སང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གསར་འགོད་པར་འགྲེལ་བརྗོད་གནང་འདུག

དེ་ཡང་༧གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་གླིང་ཕྲན་མན་ཧ་ཐིན་དུ་བདུན་ཕྲག་འདིའི་རེས་གཟའ་ཉི་མ་བར་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག་པ་དང༌། སྐབས་དེར་གང་ཉིད་ཀྱིས། མཱ་ཁེ་སི་རིང་ལུགས་ནང་ཕྱིའི་དཔལ་འབྱོར་ལའང་ལུགས་མཐུན་གྱི་བཟང་སྤྱོད་ཞིག་ཡོད་པ་རེད། ངོས་ནི་ད་དུང་ཡང་མཱ་ཁེ་སི་རིང་ལུགས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན།

སྤྱིར་རྒྱ་ནག་གཞུང་དེ་དམར་པོའི་རིང་ལུགས་ཞིག་ཡིན་ཞེས་བརྗོད་བཞིན་ཡོད་ཀྱང༌། དོན་ངོ་མར་ད་ལྟ་རྒྱ་ནག་དམར་ཤོག་གི་གཞུང་དེར་དམར་པོའི་རིང་ལུགས་ཀྱི་ལྟ་གྲུབ་ཡོད་པ་མ་རེད་ཅེས་གསུངས་འདུག

གཞན་ཡང་མགོན་པོ་གང་ཉིད་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཞབས་སོ་འཁོད་མ་ཐག དེར་ཡོད་སྐྱེ་དགུ་མདོ་ཁུལ་གྱི་བོད་མི་ཁག་ཅིག་ལ་མཇལ་ཁ་གནང་ཡོད་འདུག་ལ། སྐབས་དེར་གང་ཉིད་ཀྱིས་ཉེ་ཆར་ས་ཡོམ་གྱི་གོད་ཆགས་དེའི་སྐབས་སུ་མི་མང་པོ་རྨས་སྐྱོན་དང་ཚེ་སྲོག་ཤོར་ཡོད་ནའང༌། གོད་ཆགས་ཐེབས་པ་དེ་དག་གི་ཆེད་དུ་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཡོངས་ཀྱིས་ཐུགས་སྨོན་དང་མཆོད་འབུལ་བྱས་ཡོད་པ་ནི། སྐལ་བ་བཟང་པོ་ཞིག་ཡིན་པ་ཤུལ་ལུས་ནང་མི་སྤུན་མཆེད་ལ་སེམས་གསོ་བྱ་དགོས་ཚུལ་ཡང་བཀའ་སློབ་གནང་ཡོད་འདུག

ཉིན་རྒྱབ་ཏུ་མགོན་པོ་གང་ཉིད་ཀྱིས་ནང་ཆོས་ནས་ཆོས་ལུགས་འཐེན་འཁྱེར་གྱི་གནད་དོན་སྐོར་གཟིགས་ཕྱོགས་ཀྱི་དྲི་བར་བཀའ་ལན་སྩལ་དོན།

གནད་དོན་འདིའི་ཐོག་ལྟ་ཚུལ་རིམ་པ་མི་འདྲ་བ་གཉིས་ཡོད། དང་པོ་དེ་འཛམ་གླིང་གི་ཆོས་ལུགས་ཚང་མའི་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚང་མའི་ནང་བྱམས་པ་དང༌། བརྩེ་བ་སོགས་ཀྱི་བསླབ་བྱ་ཡོད་པ་གཅིག་མཚུངས་ཡིན། ངོས་རང་ནང་ཆོས་ལ་ཡིད་ཆེས་ཡོད་བཞིན་དུ་ཆོས་ལུགས་གཞན་ལའང་གུས་བརྩི་དང་བསྔགས་བརྗོད། རྗེས་སུ་ཡི་རང་བྱེད་ཀྱི་ཡོད། ངོས་རང་ཁ་ཆེའི་ལྷ་ཁང་དང༌། ཡེ་ཤུའི་ལྷ་ཁང༌། ཧིན་དྷུའི་ལྷ་ཁང་སོགས་སུ་འགྲོ་གི་ཡོད། རིམ་པ་གཉིས་པ་ནི་ནང་ཆོས་དེ་སྲོལ་རྒྱུན་ནས་བརྗོད་ན་གཙོ་བོ་པཱ་ལི་དང་ལེགས་སྦྱར་གྱི་སྐད་ཡིག་གཉིས་ཀྱི་ནང་ནས་དར་སྲོལ་བྱུང་ཡོད། ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་དེ་གཉིས་ཀར་ཡིད་ཆེས་དགོས། ཐེག་པ་ཆེན་པོའི་སྲོལ་རྒྱུན་གྱི་རྗེས་སུ་འབྲང་མཁན་དཔལ་ནཱ་ལན་ཌའི་མཁས་པའི་བཞེད་སྲོལ་གཙོ་བོར་འཛིན་མཁན་རྒྱ་མིའི་ནང་པ་དང་ཉི་ཧོང་གི་ནང་པ། ཀོ་རི་ཡའི་ནང་པ། བོད་པའི་ནང་པ་སོགས་རྩ་བ་ཁུངས་གཏུགས་ས་གཅིག་པ་ཆགས་ཡོད། བོད་པའི་ནང་ཆོས་ནང་དུའང་རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། ཇོ་ནང་སོགས་ཡོད་པ་ཚང་མས་ནཱ་ལན་ཌའི་བཞེད་སྲོལ་གྱི་རྗེས་སུ་འབྲང་མཁན་ཡིན། ངོས་ཀྱིས་ཆོས་ལུགས་ཚང་མར་དོ་སྣང་བྱེད་དགོས་པ་བརྗོད་ཀྱི་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཚང་མས་ལངས་ཕྱོགས་དེ་བཟུང་ཡོད་ཅེས་བཀའ་བསྩལ་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།