དབུ་ཁྲིད་འོས་འདེམས་བྱེད་ཀྱི་ཡོད་པས་ངོས་ལ་སེམས་ཁྲལ་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༠ཉིན། རྒྱ་ནག་གཞུང་གིས་བོད་ཀྱི་དཀའ་རྙོག་ཅིག་ཡོད་པ་ངོས་འཛིན་དང་དཀའ་རྙོག་དེ་ཉིད་དོན་དང་ལྡན་པའི་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ཞིག་ཡིན་ལུགས་རྒྱ་ཡིག་གསར་ཤོག་༼ཏོ་ཝེ་༽ཞེས་པའི་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ཡུ་ཕིང་ཧའེ་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་རྒྱ་འབྲེལ་མོལ་སྐོར་བཅར་འདྲི་ཞུས་པའི་ལན་དུ་གསུངས་ཡོད་པ་རེད།

དེ་ཡང་ཉེ་ཆར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པའི་སྐབས་སུ། ཨ་རི་ནང་བརྟེན་གཞི་བྱས་ཡོད་པའི་རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་༼ཏོ་ཝེ་༽ཞེས་པའི་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་ཡུལ་ཕིང་ཧའེ་ལགས་ཀྱིས་གང་ཉིད་ལ་མ་འོངས་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་དེ་ཡར་རྒྱས་གང་འདྲ་ཞིག་གཏོང་དགོས་མིན་སྐོར་བཅར་འདྲི་ཞུས་དུས། གང་ཉིད་ཀྱིས་ངའི་ངོས་ནས་གང་ཡོང་ཅི་ཡོང་བྱས་པ་ཡིན། འོན་ཀྱང་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་བོད་ཀྱི་དཀའ་རྙོག་ཅིག་ཡོད་པ་ངོས་འཛིན་དང༌། དཀའ་རྙོག་དེར་དོན་དང་ལྡན་པའི་གྲོས་མོལ་ཞིག་གནང་དགོས་ཀྱི་ཡོད་པ་རེད་ཅེས་གསུངས།

ཡང་ཁོང་གིས་དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཏིང་ཞའོ་ཕིང་གིས་བོད་རང་བཙན་ཕུད་པའི་གཞན་གནད་དོན་གཞན་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་པའི་སྐད་ཆ་དེ། རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་གིས་དེ་ནི་བོད་ཀྱི་གནད་དོན་མིན་པར། ཏཱ་ལའི་བླ་མའི་སྒེར་གྱི་གནད་དོན་ཁོ་ན་རེད་ཅེས་པའི་སྐོར་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་གང་ཉིད་ཀྱིས་རང་བཙན་རྩོད་བཞིན་མེད་པ་དེ་འཛམ་གླིང་ཡོངས་ཀྱིས་ཤེས་ཀྱི་ཡོད་པ་རེད། མ་ཚད་ངོས་རང་ཉིད་སྐུ་དབང་ནམ་ཡང་རྩོད་མྱོང་མེད་ཀྱང་རྒྱ་ནག་གཞུང་གིས་ད་དུང་ཡང་ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། གལ་སྲིད་གྲོས་མོལ་ངོ་མ་ཞིག་འགོ་འཛུགས་བྱུང་མཚམས་བོད་ནང་ཡོད་པའི་བོད་རྒྱ་ཆེའི་མི་མང་ཚོ་གྲོས་མོལ་དེར་མཉམ་ཞུགས་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་བོད་ནང་ཡོད་པའི་བོད་མི་ཚོས་རང་གི་བསམ་ཚུལ་བརྗོད་པ་ཡིན་ན་ཁ་བྲལ་བ་རེད་ཅེས་ཉེས་འཛུགས་བྱེད་ཀྱི་རེད་བསམ་པའི་འཇིགས་སྣང་ཡོད། ངོས་ཀྱིས་རྟག་པར་དོན་གྱི་བདག་པོ་དེ་གཞིས་ལུས་བོད་རྒྱ་ཆེའི་མི་མང་ཚོ་ཡིན་པ་བརྗོད་བཞིན་ཡོད་ཅེས་བཀའ་གནང་འདུག

ཡང་མ་འོངས་ཏཱ་ལའི་བླ་མའི་ཡང་སྲིད་ཐད་ཐུགས་འཚབ་ཡོད་མེད་སྐོར་བཀའ་འདྲི་ཞུས་དུ། གང་ཉིད་ཀྱིས་ཕྱི་ལོ་༢༠༡༠ནས་བཟུང་བཙན་བྱོལ་དུ་ཐད་ཀར་འོས་འདེམས་ཀྱི་ལམ་ནས་ཆབ་སྲིད་ཀྱི་འགོ་ཁྲིད་བསྐོས་ཡོད་པ་དང༌། མ་ཚད་དེང་སང་བོད་ཀྱི་ཆོས་བརྒྱུད་ཁག་ནས་ཤེས་ཡོན་དང་འཇོན་ཐང་ལྡན་པའི་བླ་སྤྲུལ་དེ་འདྲ་འཚར་ལོངས་འབྱུང་བཞིན་ཡོད་པས་དེར་སེམས་ཁྲལ་གང་ཡང་མེད། མ་ཚད་མ་འོངས་ཏཱ ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་དེ་བོད་རྒྱ་ཆེ་མི་མང་གི་ཐག་གཅོད་དགོས་པ་ཕྱི་ལོ་༡༩༦༩ཙམ་ནས་གསལ་པོ་བརྗོད་ཡོད་ཅེས་གསུངས་ཡོད་པ་རེད།

དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མི་འབོར་གནས་སྤོ་སྐོར་གསུངས་དོན། ངོས་ཀྱིས་བོད་ནང་ཡོད་པའི་རྒྱ་མི་ཚང་མ་བོད་ནས་ཕྱིར་འཐེན་བྱེད་དགོས་ཞེས་བརྗོད་ཀྱིན་མེད། བོད་ནང་བོད་མིའི་གྲངས་འབོར་མང་བ་ཆགས་ཐུབ་པ་ཡིན་ན་བོད་མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཐུབ་པ་ཡོང་རྒྱུར་གལ་ཆེན་པོ་ཆགས་ཡོད། དཔེ་ན་དེང་སང་ནང་སོག་ལ་ཆ་བཞག་ན་སོག་པོའི་མི་རིགས་ས་ཡ་༣དང་༤ཙམ་ལས་མེད་ཀྱང་རྒྱ་མི་ས་ཡ་༢༠ ཙམ་ཟིན་ཡོད། སྔ་མོ་ངོས་རང་གི་སྐྱེས་ཡུལ་གྱི་ས་ཁུལ་དུ་རྒྱ་མི་དེ་འདྲ་ཡོད་ཀྱང་བོད་མི་ཚོ་དང་ལྷན་དུ་གནས་སྡོད་བྱ་རྒྱུར་དཀའ་ངལ་གང་ཡང་མེད། དེ་བཞིན་སྐབས་དེར་ལྷ་ས་ལའང་རྒྱ་མི་དེ་འདྲ་ཡོད་པ་རེད།
བོད་མི་ས་ཡ་༦ཡོད་པའི་བོད་ནང་གལ་ཏེ་རྒྱ་མི་ས་ཡ་༡ཙམ་ཡོད་ནའང་བོད་མི་ཚོར་དཀའ་ངལ་གང་ཡང་མེད་ཅེས་གསུངས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།