རྒྱའི་རེག་དུག་སྔོན་འགོག་ལས་འགུལ་བ་ཞིག་བྲོས་བྱོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡༡ཉིན། ཉེ་ཆར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་གཉན་ནད་རེག་དུག་སྔོན་འགོག་ལས་འགུལ་བ་ཝང་ཡན་ཧའེ་ལགས་ཀྱིས་རང་ཉིད་ཀྱི་ཆུང་མ་དང་བུ་མོ་ཁྲིད་དེ་ཨ་རིར་གསང་བའི་ངང་བྲོས་བྱོལ་དུ་འབྱོར་ཡོད་འདུག

རྒྱ་ནག་གཞུང་གིས་ལོ་མང་རིང་ལ་པེ་ཅིན་དུ་རྟེན་གཞི་བྱས་པའི་རེག་དུག་སྔོན་འགོག་ཚོགས་པ་༼ཨེ་ཀྲི་ཞིན༽་ཞེས་པའི་གསར་འཛུགས་མཁན་ནམ། རེག་དུག་སྔོན་འགོག་ལས་འགུལ་བ་ཝང་ཡན་ཧའེ་ལགས་ཀྱི་འགྲོ་འདུག་ཉལ་གསུམ་ལ་ཉིན་མཚན་བསྟུན་མར་སུན་བཟོ་བྱས་འདུག་པ་མ་ཟད། ཚོགས་པ་དེའི་ལོ་འཁོར་དུས་དྲན་མཛད་སྒོ་སྲུང་བརྩི་བྱེད་དུ་མ་བཅུག་པ་དང༌། ཁྲལ་བསྡུ་ལས་བྱེད་མི་སྣ་མངགས་གཏོང་གིས་ཁོང་གི་ལས་ཁུངས་སྔོག་བཤེར་བྱས་པ། ཉེན་རྟོག་དམག་མིས་ཁོང་གི་གཙུག་ལག་སློབ་གྲྭ་ཆེན་མོའི་གཏམ་བཤད་ལ་གཏོར་བརླག་བཏང་བ། དེ་བཞིན་ཉེན་རྟོག་པས་ཁོང་ལ་འཇིགས་སྐུལ་གྱི་ཁ་པར་ལན་མང་བཏང་མཐར། ཝང་ཡན་ཧའེ་ལགས་ཀྱིས་རང་ཉིད་ཀྱི་ཆུང་མ་དང་ལོ་༤ལ་སོན་པའི་བུ་མོ་ཁྲིད་དེ་ཟླ་འདིའི་ཚེས་༦ཉིན་ཧོང་ཀོང་བརྒྱུད་ཨ་རིར་བྲོས་བྱོལ་དུ་ཕྱིན་ཡོད་འདུག

ད་ལྟའི་ཆར་ཁོང་ཨ་རིའི་ཕན་སི་ཝེ་ནའེ་ཡ་མངའ་སྡེའི་ཕིའུ་ལ་ཌེལ་ཕི་ཡ་གྲོང་ཁྱེར་ནང་གྲོགས་པོ་ཞིག་དང་མཉམ་དུ་གནས་སྡོད་བྱས་འདུག་ཅིང༌། ཁོང་གིས་རང་ཉིད་བྲོས་བྱོལ་དུ་ཡོང་དོན་སྐོར་གསར་འགོད་པར་འདི་ལྟར་འགྲེལ་བརྗོད་བྱས་ཡོད་དོན། རྒྱ་གཞུང་གིས་ངའི་ཚོགས་པ་དང་ང་རང་སྒེར་ལ་འཇབ་རྒོལ་བྱེད་སྟངས་དེ་ཚབས་ཆེ་རུ་ཕྱིན་པ་དང༌། ང་རང་ཉིད་ཀྱི་བདེ་འཇགས་ལ་བློ་འཚབ་སྐྱེས་ཤིང༌། གཙེར་སུན་གང་མང་ཞིག་གི་འོག་ཚུད་སོང༌། ཞེས་དང༌། ང་རང་རྒྱ་ནག་ཏུ་ཡོད་དུས་རྒྱ་གཞུང་གི་འགོ་ཁྲིད་དག་གིས་ང་རང་བྱ་རྒྱ་རུ་བཟུང་བའི་བྱིའུ་ནང་བཞིན་མཐོང་གིན་འདུག ཁོ་ཚོས་ཁྱོད་ཀྱིས་ང་ཚོའི་ཁ་ལ་མི་ཉན་ན་མཐར་ལམ་མེད་ཚུལ་གྱི་ཉེན་བརྡ་གཏོང་གིན་འདུག ཅེས་བརྗོད་ཡོད་འདུག

ཉེ་བའི་ཟླ་འགའི་ནང་རྒྱ་གཞུང་གིས་རྒྱའི་རང་དབང་ལྡན་པའི་ཚོགས་པ་དང་ལས་འགུལ་བ་དག་གཞུང་གི་སྲིད་དབང་ལ་དཀའ་ཉེན་སྤྲོད་མཁན་དུ་དོགས་སྐྲག་སྐྱེས་ཏེ། དེ་དག་སྟངས་འཛིན་དམ་དྲག་བྱེད་འགོ་བརྩམས་ཡོད་པ་དང༌། ཟླ་སྔོན་མའི་རྒྱ་ནག་ནང་སྐད་གྲགས་ཆེ་བའི་བུད་མེད་ཀྱི་ལྷན་ཚོགས་ཤིག་བཙན་གྱིས་སྒོ་རྒྱག་ཏུ་བཅུག་འདུག་པ་མ་ཟད། མདུན་ཕྲག་སྔོན་མའི་མཇུག་ཏུ་ཆོས་འཁོར་རྩ་རླུང་ལས་འགུལ་གྱི་སྐུ་ཚབ་མི་སྣ་ཡིན་པའི་ཁྲིམས་རྩོད་པ་གཉིས་ལ་ཆོས་འཁོར་རྩ་རླུང་ཉམས་ལེན་མཁན་དག་འགོག་སྲུང་གི་ཁྲིམས་རྩོད་ལས་ཀ་དུས་གཏན་དུ་སྒྲུབ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།