བོད་མི་མང་སྤྱི་འཐུས་ཀྱི་རྒྱ་གར་ལྷོ་ཕྱོགས་སུ་གཟིགས་སྐོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༨ཉིན། བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཁག་ཅིག རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀའི་ནང་གཟིགས་སྐོར་ལེགས་གྲུབ་བྱུང་ནས་ཕྱིར་དྷ་སར་ཕེབས་ཡོད་འདུག

དེ་ཡང་ཁོང་ཚོས་བརྗོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་དབུ་འཁྲིད་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང༌། སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས། སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་བཅས་རྒྱ་གར་ལྷ་ཕྱོགས་ཀར་ཎཱ་ཊ་ཀའི་མངའ་སྡེའི་ནང་བོད་མི་གནས་སྡོད་ས་གནས་ཁག་དང་དེ་བཞིན་འབྲེལ་ཡོད་ས་གནས་ཁག་གཅིག་གི་ནང་གཟིགས་སྐོར་ཕེབས་པ་ལེགས་པར་གྲུབ་སྟེ་རྡ་སར་ཕྱིར་ཕེབས་ཡོད།

གཟིགས་སྐོར་སྐབས་བོད་མི་མང་གི་སྤྱི་འཐུས་སྐུ་ཚབ་རྣམ་པས་རྒྱ་གར་ཨར་ཨེ་སི་ཨེ་སིའི་ཚོགས་ཟུར་སྐུ་ཞབས་སུ་ཌཱར་ཤན་མཆོག་དང་མཇལ་འཕྲད་ཞུས་ཏེ་ཁོང་ལ་ཆེ་བསྟོད་རྒྱ་ཆེ་ཞུས་ཡོད། སྐུ་ཞབས་སུ་ཌར་ཤན་མཆོག་ ཨར་ཨེ་སི་ཨེ་སི་ཚོགས་པའི་འགན་འཛིན་ཡིན་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང༌། བཙན་བྱོལ་བོད་མི་ཚོར་རྒྱབ་སྐྱོར་ཞུ་མཁན་ཡོངས་གྲགས་ཀྱི་མི་སྣ་གྲགས་ཅན་ཞིག་ཡིན། བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམས་ནས་ཀར་ཎཱ་ཊ་ཀ་མངའ་སྡེའི་ཆབ་སྲིད་ཚོགས་པ་ཚང་མའི་དབུ་ཁྲིད་དང༌། ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་སི་ཏ་རམ་མ་ཡི་ཡ་མཆོག་དང༌། མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཀུ་མ་རཱ་སཝ་མི་མཆོག སྐུ་ཞབས་ཌེཝི་་གའོ་ཌ་མཆོག བློན་ཆེན་ཟུར་པ་སྐུ་ཞབས་པར་ཀཱ་ཤི་མཆོག མངའ་སྡེའི་ཀོང་རེ་སི་ཨ་ཡི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌེ་ཤི་པན་ཌེ་མཆོག་བཅས་དང་མཇལ་འཕྲད་ཞུ་སྐབས་དབུ་ཁྲིད་རྣམ་པས་བོད་མིའི་སྐུ་ཚབ་ཚོར་མཛའ་སེམས་ཆེན་པོས་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དེར་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་ཡོད།

དེ་བཞིན་སྐུ་ཚབ་རྣམས་མངའ་སྡེའི་བློན་ཆེན་སྐུ་ཞབས་ཡེ་ཌི་ཡུ་ར་པ་མཆོག་དང་འབྲེལ་ཡོད་མངའ་སྡེའི་དྲུང་ཆེ་ཆུང་རྣམས་དང་མཇལ་འཕྲད་གནང་ཡོད། ཕྱོགས་མཚུངས་རྒྱལ་ས་བྷེང་ལོར་ནང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང༌། ཀར་ཎཱ་ཊ་ཀ་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་གཉིས་དབུ་བཞུགས་ཐོག་སྤྱི་འཐུས་རྣམས་དང་བྷེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་འགོ་འཛིན། བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང༌། བོད་མིའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཚང་འཛོམས་ཀྱིས་ཚོགས་འདུ་ཞིག་ཚོགས་ཡོད། ལྷན་ཚོགས་དེའི་སྐབས་ལྷོ་སྤྱི་ལས་ཁུངས་དང་བོད་མིའི་ས་གནས་འགོ་འཛིན་རྣམ་པས་ཀར་ཎཱ་ཊ་ཀ་མངའ་སྡེའི་ནང་གནས་སྡཽད་བོད་མི་ཚོའི་དཀའ་ངལ་རྣམས་གསལ་བཤད་ཞུས་ཡོད། སྐབས་དེར་ཀར་ཎཱ་ཊ་ཀ་མངའ་གཞུང་གིས་ས་གནས་བོད་མིའི་དཀའ་ངལ་རྣམས་སེལ་རྒྱུར་མཐུན་འགྱུར་རོགས་རམ་གང་ཐུབ་ཞུ་རྒྱུའི་དགོངས་བཞེས་ཡོད་ཚུལ་གསུངས་ཡོད།

གཟིགས་སྐོར་གྱི་ཉིན་མཐའ་མར་བོད་མིའི་སྐུ་ཚབ་རྣམ་པས་འབྱུང་འགྱུར་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༦ ནས་ ༣༠ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་འཚོགས་རྒྱུ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུས་མཚོན་བཙན་བྱོལ་ནང་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་སོགས་གཞུང་འབྲེལ་ལས་དོན་ཁག་གི་སྔོན་འགྲོའི་གྲ་སྒྲིག་གི་ལས་གཞིར་གཟིགས་ཞིབ་ཀྱང་གནང་ཡོད་པ་རེད་ཟེར།
བཙན་བྱོལ་བོད་གཞུང་གི་དྲ་ཚིགས་ལས་བཏུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།