ཨ་རིའི་གྲོས་ཚོགས་འཐུས་མིས་སྐྱེ་དགུ་མདོའི་གོད་ཆགས་ལ་རྒྱབ་སྐྱོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༨ཉིན། ཕྱི་ཟླ་༤པའི་ཚེས་༡༤ཉིན་སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆགས་ཚབ་ཆེན་ཐེབས་པར། བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་འཐུས་མིས་གདུང་སེམས་མཉམ་བསྐྱེད་ཀྱི་འཚམས་འདྲི་དང་གྲོས་ཆོད་བཞག་ཡོད་པ་རེད།

དེ་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁི་མོ་ཧན་ལགས་ཀྱིས་༼མཚོ་སྔོན་ཞིང་ཆེན་གྱི་གནོད་ཐེབས་མི་མང་དང༌། ཨ་རི་དུ་ཡོད་པའི་བོད་རིགས་དང་རྒྱ་རིགས། གཞན་ཡང་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་ལས་དོན་སྒྲུབ་མཁན་ཏེ། མྱུར་སྐྱོབ་མི་སྣ་བཅས་ལ་ཆིག་སྒྲིལ་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མས་སྐྱེ་དགུ་མདོ་ས་ཡོམ་གྱི་གོད་ཆགས་ཐད་གྲོས་ཆོད་ཅིག་བཞག་ཡོད་འདུག་པ་དང༌། གྲོས་ཆོད་དེ་གྲོས་ཚོགས་ཀྱི་འཐུས་མི་༩ཡི་མིང་ཐོག་ནས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་ལ་ཕུལ་ཡོད་འདུག

གྲོས་ཆོད་དེའི་ནང་དོན་ཚན་ཁག་བཞི་བཀོད་ཡོད་འདུག་ལ། དོན་ཚན་དང་པོར། ས་ཡོམ་གྱི་གོད་ཆགས་ཁྲོད་ཚེ་སྲོག་ཤོར་བ་རྣམས་དང༌། གྱོང་གུད་དང་ལུས་སེམས་གཉིས་ལ་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་ཤུལ་ལུས་སྐྱེ་དགུ་མདོའི་མི་མང་རྣམས་ལ་སྙིན་ཐག་པ་ནས་སེམས་གསོ་ཞུ་རྒྱུ།

གཉིས་པ། མཚོ་སྔོན་ཞིང་ཆེན་གྱི་མི་སེར་དང༌། ཨ་རིའི་མི་སེར་ཡིན་པའི་བོད་རིགས་དང་རྒྱ་རིགས་མི་མང༌། གཞན་ཡང་གོད་ཆགས་ཕོག་ཡུལ་ལ་རོགས་སྐྱོར་གནང་མཁན་ཡོང་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ།

གསུམ་པ། ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ལྕམ་ཧེ་ལ་རུ་ཁེ་ལིན་ཊོན་གྱིས་ས་ཡོམ་གྱི་གོད་ཆགས་ཁྲོད་དཀའ་ངལ་ཡོད་པའི་རྒྱ་ནག་མི་མང་ཚོར་ཨ་རིའི་གཞུང་གིས་རོགས་རམ་བྱ་རྒྱུར་གྲ་སྒྲིག་ཡོད་ཅེས་པ་དེར་རྒྱབ་སྐྱོར་ཞུ་རྒྱུ།

བཞི་པ། ས་ཡོམ་གྱི་གོད་ཆགས་ཐེབས་པའི་ས་གནས་ཡུལ་མིའི་སྡོད་ཁང་དང༌། དེ་བཞིན་བོད་པའི་སྲོལ་རྒྱུན་གྱི་ཆོས་དང་རིག་གཞུང་གི་བསྟི་གནས་སུ་གྱུར་པའི་དགོན་པ་དང་ལྷ་ཁང་ཉམས་གསོའི་ལས་གཞིར་རྒྱབ་སྐྱོར་ཞུ་རྒྱུ་བཅས་བཀོད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།