བོད་རྒྱ་འབྲེལ་མོལ་ཡོང་བར་བཙན་བྱོལ་བོད་མིས་ཤུཌ་རྒྱག་དགོས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༥ཚེས་༨ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་རིའི་མཉམ་སྦྲེལ་གསར་གནས་ཁང་༼Associated Press༽་ལ། ལོ་མང་རིང་གི་བོད་རྒྱ་འབྲེལ་མོལ་ལ་ཡར་རྒྱས་ཀྱི་འབྲས་བུ་སོན་མེད་མོད། རྒྱ་གཞུང་དང་ལྷན་དུ་འབྲེལ་མོལ་ཡོང་སླད་བཙན་བྱོལ་བོད་མིས་ངེས་པར་དུ་མུ་མཐུད་ནས་འཕུལ་རྒྱག་དང་ཤུགས་སྣོན་བྱེད་དགོས། ཞེས་གསུངས་ཡོད་འདུག

ཟླ་འདིའི་ཚེས་༧ཉིན་ཨ་རིའི་མཉམ་སྦྲེལ་གསར་གནས་ཁང་གི་གསར་འགོད་པས་དྷ་སའི་བཞུགས་སྒར་ཕོ་བྲང་དུ་ྋགོང་ས་མཆོག་ལ་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་གི་བཅར་འདྲི་ཞིག་ཞུས་འདུག་ཅིང༌། སྐབས་དེར་མགོན་པོ་གང་ཉིད་ཀྱིས་བོད་རྒྱའི་འབྲེལ་མོལ་སྐོར་ལ་དགོངས་ཚུལ་འདི་ལྟར་གནང་ཡོད་དོན།  སྔར་ནས་ད་ལྟའི་བར་འབྲེལ་མོལ་ལ་ཕམ་ཉེས་བྱུང་བ་རེད། འོན་ཏེ་དེས་འབྱུང་འགྱུར་ནང་འབྲེལ་མོལ་ལ་རེ་བ་མེད་པ་མི་སྟོན། ཞེས་བཀའ་བསྩལ་ཡོད་འདུག

ྋགོང་ས་མཆོག་གིས་མུ་མཐུད་དུ། ངོས་གོ་ཐོས་ལྟར་ན་རྒྱ་གཞུང་གི་མགོ་ཁྲིད་ཁ་ཤས་ཀྱིས་བོད་ཐོག་བཟུང་བའི་སྲིད་ཇུས་དེ་ཞི་བདེ་དང་ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་དགོས་པར་ཡིད་ཆེས་བྱེད་ཀྱིན་འདུག་ཟེར། དེ་བདེན་པ་ཡིན་མིན་ང་ཚོས་ངང་སྒུག་བྱེད་རྒྱུ་རང་རེད། ཅེས་དང༌། ང་ཚོས་ལོ་ངོ་༥༡ལ་སྒུག་པ་རེད། ད་དུང་ལོ་༡༠དང་༢༠ལ་སྒུག་དགོས་བྱུང་ཡང་ང་ཚོས་ངང་སྒུག་བྱེད་ཐུབ། ཅེས་གད་མོ་བཞད་ཞོར་གསུངས་ཡོད་འདུག

ཕྱི་ལོ་༢༠༠༢ནས་ད་ལྟའི་བར་ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་འབྲེལ་མོལ་ཐེངས་དགུ་གནང་ཡོད་མོད། ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་དགོས་འདུན་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པའི་རེ་བརྩོན་ལ་རྒྱ་གཞུང་གིས་ཕྱེད་རང་བཙན་ནམ་རྣམ་པ་འགྱུར་རང་བཙན་ཡིན་ཚུལ་གྱི་སྐུར་འདེབས་བྱས་ཏེ་ངོས་ལེན་གཏན་ནས་བྱས་ཡོད་པ་མ་རེད།

༧གོང་ས་མཆོག་གིས་ད་དུང་ཡང་རྒྱ་ནག་ནང་རྩོམ་པ་པོ་དང་རྒྱ་རིགས་ཤེས་ཡོན་ཅན་མང་པོས་བོད་དོན་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང༌། ཁོང་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་རྒྱའི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་ལུགས། གཞན་ཡང་རྒྱ་གཞུང་གི་དཔོན་རིགས་མཐོ་གྲས་ཁག་ཅིག་ལ་བོད་ཐོག་ལ་ཕྱོགས་སུ་མ་ལྷུང་བའི་སྲིད་ཇུས་ཤིག་འཛིན་པའི་འདུན་པ་ཡོད་ལུགས་སོགས་ཀྱང་གསུངས་ཡོད་འདུག

མཇུག་མཐར་ྋགོང་ས་མཆོག་གིས། ཁོང་ཉིད་ཀྱི་སྐུ་རྫོགས་ཀྱིས་རྒྱ་ནག་ལ་ཉེན་ཚབས་ཅན་གྱི་གནས་གནས་སྟངས་ཤིག་བསྐྲུན་ཡོད། གང་ཡིན་ཞེ་ན། སྐབས་དེར་བོད་རིགས་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ཁ་དོར་ནས་དྲག་པའི་ངོ་རྒོལ་ལས་འགུལ་སྤེལ་སྲིད་ཅིང༌། དེ་དུས་བོད་རིགས་རྣམས་རང་ཤུགས་ཀྱིས་གནོད་འཚེ་ཕོགས་མཁན་དུ་འགྱུར་རྒྱུ་རེད། དེ་ནི་ངོས་རང་ཞེད་སྣང་ཆེ་ཤོས་ཡིན། ཞེས་བཀའ་བསྩལ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།