དགོངས་ཚུལ།

བྱམས་བརྩེའི་གཟུགས་བརྙན་ལྟར་གྱི་ང་ཡི་དཔའ་བོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༦ཉིན། ཁ་སང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་༧གོང་ས་མཆོག་གིས། སྐུ་ཞབས་རི་ཆཱར་ཌི་མོ་རེ་ལགས་ནི་༼ཞི་བདེའི་དཔེ་མཚོན་དང་འཛམ་གླིང་ཐོག་བྱམས་བརྩེའི་གཟུགས་བརྙན་ལྟར་གྱི་ངའི་དཔའ་བོ་༽ཞིག་ཡིན་ཞེས་གསུངས་ཡོད་པ་རེད།

དེ་ཡང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་ཕྲུག་དང་དགེ་ལས་སྟོང་ཕྲག་གཅིག་ལྷག་ཙམ་འདུ་འཛོམས་བྱས་ཡོད་པའི་སར། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རི་ཆར་ཌི་མོ་རེ་དང་མཇལ་འཕྲད་གནང་བ་དང་ལྷན་དུ། གང་ཉིད་ཀྱིས་ཁོང་ནི་༼ཞི་བདེའི་དཔེ་མཚོན་༽ཞིག་དང་༼ངའི་དཔའ་བོ་༽ཞིག་ཀྱང་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།

ཡོ་རོབ་ནུབ་བྱང་དུ་ཡོད་པའི་བྱང་ཨར་ལན་ཌིའི་མི་རིགས་སྐུ་ཞབས་རི་ཆཱར་ཌི་མོ་རེ་ལགས་ནི་ལོ་ན་༡༠ཐོག་ཁུལ་དེར་ལས་དོན་སྒྲུབ་བཞིན་ཡོད་པའི་དབྱིན་ཇིའི་གཞུང་གི་དམག་མི་ཞིག་གིས་མི་མང་གི་གྱེན་ལངས་སྐབས་འགྱིག་མདེལ་བརྒྱབ་ནས་མིག་གཉིས་ལ་ཕོགས་ཡོད་པ་དང་། ཕྱིས་སུ་སྨན་བཅོས་སོགས་གང་བྱས་ཡོད་ཀྱང་དྲག་བསྐྱེད་མ་བྱུང་བར་ཞ་ར་ཆགས་ཡོད་པ་རེད། འདི་ལོ་ཁོང་ནི་ལོ་ན་༤༨ཡིན་འདུག ངོ་མཚར་བ་ཞིག་ནི་ཕྱི་ལོ་༢༠༠༦ལོར་ཁོང་ཉིད་ལོང་བ་བཟོ་མཁན་གྱི་ཉེན་རྟོག་དམག་མི་དེ་དང་ཐུག་འཕྲད་ཀྱིས་ཁོང་གཉིས་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར་ཡོད་པ་རེད། ཉེན་རྟོག་པ་དེས་ད་ལྟའི་ཆར་ཡང་དེ་སྔོན་གྱི་བྱ་བར་འགྱོད་ཕྱག་ཆེན་པོ་བྱེད་ཀྱིན་ཡོད་པ་རེད།

མ་ཚད་ཁོང་གིས་རྒྱུན་དུ་རང་ཉིད་ལོང་བ་བཟོ་མཁན་གྱི་མི་དེར་ཁོང་ཁྲོ་དང་འཁོན་འཛིན་མ་བྱས་པར། སེམས་བཟང་དང་སྙིང་རྗེའི་ལམ་ནས་གྲོགས་པའི་ལྟ་ཚུལ་བཟུང་ཡོད་པ་རེད། དེར་བརྟེན་དེ་སྔོན་ཁོང་གིས་༧གོང་ས་མཆོག་ཐེངས་འགར་མཇལ་འཕྲད་ཞུ་རྒྱུའི་སྐལ་བ་བཟང་པོ་འཐོབ་ཡོད་འདུག

ཐེངས་འདིར་དམིགས་བསལ་རི་ཆཱར་ཌི་དང་དམག་མི་དེ་གཉིས་ཀ་བཞུགས་སྒར་དྷ་རམ་ས་ལར་ཆེད་དུ་༧གོང་ས་མཆོག་མཇལ་བཅར་དུ་ཕེབས་པ་ཞིག་རེད་འདུག

སྤྱིར་ཁོང་ཉིད་ལོང་བ་ཞིག་ཏུ་ཆགས་རུང་ཕྱི་ལོ་༡༩༩༦ལོར་ཁོང་གི་༼བྱིས་པའི་རོགས་སྐྱོར་ཚོགས་པ་༽ཞིག་གསར་འཛུགས་གནང་ཡོད་འདུག་ལ། མ་ཚད་ཕྱི་ལོ་༢༠༠༧ལོར་བྱིས་པའི་རོགས་ཚོགས་དེ་ལོ་༡༠འཁོར་བའི་མཛད་སྒོ་ཐོག་༧གོང་ས་མཆོག་གདན་ཞུ་ཡང་ཐུབ་པ་བྱུང་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།