ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་རྒྱ་གཞུང་ལ་སྐྱོན་བརྗོད།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༥ཚེས་༤ཉིན། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་གོ་སྒྲིག་འོག བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ། དེ་བཞིན་ཐའེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་བཅས་ཀྱིས་དེ་ རིང་ཞོགས་པར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ནང༌། ཉེ་ཆར་ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་ཡུལ་སྐྱེ་རྒུ་མདོའི་གནས་བབས་ཐད་ གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་བྱས་ཡོད་འདུག

ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ལྕམ་མའེ་ལེས་ཆའོ་ལགས་ཀྱིས་ གསར་འགོད་ལྷན་ཚོགས་ཐོག བོད་ཁམས་སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆགས་བྱུང་མ་ཐག ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་ཐའེ་ཝན་གྱི་ཉེན་སྐྱོབ་རུ་ཁག་ཅིག་གནོད་ཐེབས་ས་ཁུལ་དུ་མངགས་གཏོང་བྱ་རྩིས་བྱས་ཀྱང༌། རྒྱ་གཞུང་གིས་ང་ཚོའི་དགོས་འདུན་དང་ལེན་བྱས་མ་སོང༌། ཞེས་བརྗོད་ཡོད་འདུག

དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་གནོད་ཐེབས་ས་ཁུལ་གྱི་པར་རིས་སྤྱན་འབུལ་གནང་ཞོར་གཏམ་བཤད་སྤེལ་དོན། སྐྱེ་རྒུ་མདོ་ས་ཡོམ་གོད་ཆགས་ཁྲོད་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་དངོས་དེ་རྒྱ་གཞུང་གིས་བསྒྲགས་པའི་གྲངས་འབོར་ལས་རབ་ཏུ་རྒལ་ཡོད་པ་མ་ཟད། གནོད་ཐེབས་མང་ཚོགས་ལ་སྡོད་སའི་སྡོད་གུར་དང༌། ཟ་མ། དེ་བཞིན་ནད་པ་རྣམས་ལ་སྨན་བཅོས་མ་འདང་པ་སོགས་གནས་སྟངས་ཐབས་སྐྱོ་བོ་ཆགས་ཡོད་པ་རེད། ཅེས་འགྲེལ་བརྗོད་བྱས་ཡོད་འདུག

དེ་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ས་ཡོམ་གོད་ཆགས་བྱུང་ཡུལ་གྱི་དྭ་ཕྲུག་དང་བྱིས་པ་དག་གི་གནས་སྟངས་སྐོར་བརྗོད་དོན། ཐེངས་འདིའི་ས་ཡོམ་ཁྲོད་ཕྲུག་གུ་༡༥༠༠ལྷག་གི་ཕ་མ་རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། རྒྱ་གཞུང་གིས་དྭ་ཕྲུག་ཏུ་ལྷག་པ་རྣམས་ཧྲང་ཧའེ་དང་པེ་ཅིན་གྲོང་ཁྱེར་སོགས་སུ་ཁྲིད་དེ་རྒྱ་རིགས་ཕྱུག་པོ་རྣམས་ལ་གསོ་ཉར་བྱེད་དུ་འཇུག་འཆར་འདུག་ཀྱང༌། སྐྱེ་རྒུ་མདོ་མི་མང་གིས་རྒྱ་གཞུང་ལ་སློབ་གྲྭ་དང་ཁང་ཁྱིམ་གསར་འཛུགས་སྒོས་དྭ་ཕྲུག་རྣམས་ས་གནས་དེ་གར་བསྐྱུར་རོགས་ཞེས་ཞུ་བ་འཐེན་བཞིན་ཡོད་པ་རེད། གལ་སྲིད་ཕྲུག་གུ་དེ་རྣམས་འཁྲིད་ཚེ། ཁོ་ཚོས་རང་ཉིད་ཀྱི་རིག་གཞུང་བརྗེད་སྲིད་པའི་ཉེན་ཁ་དང་སེམས་ཚབས་ཤིག་འདུག ཅེས་བརྗོད་ཡོད་འདུག

ཐའེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རྒྱ་གཞུང་ གིས་ྋགོང་ས་མཆོག་གནོད་ཐེབས་ས་ཁུལ་དུ་ཕེབས་སུ་བཅུག་ཏེ་ས་ཡོམ་གོད་ཆགས་ཁྲོད་ རྐྱེན་འདས་སུ་ཕྱིན་མཁན་དག་ལ་བསྔོ་སྨོན་གསོལ་འདེབས་དང༌། འདས་པོ་དག་གི་ནང་མི་སྤུན་ཟླ་རྣམས་ལ་སེམས་གསོ་གནང་དུ་འཇུག་དགོས་པའི་འབོད་ སྐུལ་ཞུས་ཡོད་འདུག

འཛམ་གླིང་ཡུལ་ཕྱོགས་ཀུན་ཏུ་གནས་སྡོད་བྱས་པའི་བོད་རིགས་རྣམས་ཀྱིས་སྐྱེ་ རྒུ་མདོའི་ས་ཡོམ་གོད་ཆགས་ཕོགས་པའི་མི་རྣམས་ལ་བསྔོ་སྨོན་སྐྱབས་འཇུག་གི་མཆོད་འབུལ་བྱེད་བཞིན་པ་ལྟར་ཐའེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཐའེ་ཝན་དང་བོད་རིགས་༡༠༠ལྷག་ཙམ་གྱིས་སྐྱེ་རྒུ་མདོའི་འདས་པོ་རྣམས་ལ་བདུན་གསུམ་པའི་བསྔོ་སྨོན་གསོལ་འདེབས་བྱས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
1 ༠༤༢༠༡༠༡༩༢༡
ཁྱེད་ཀྱིས་སྤེལ་མ་ཐག་པའི་གསར་འགྱུར་དུམ་བུ་འདི་ཡི་ནང་དུ་འང་མ་དག་པར་མང་པོ་འདུག རྗེས་སུ་ལྷོད་གཡེང་མ་ཤོར་རོགས། ངས་ཁྱེད་ཚོར་ལྷོད་གཡེང་ཤོར་བར་ངོས་འཛོན་བྱེད་ཀྱི་ཡོད། རང་ཉིད་ཀྱང་དེབ་མང་པོར་ཞུ་དག་དང་རྩོམ་སྒྲིག་བྱས་པའི་ཉམས་མྱོང་ཐོག་ནས་ཞུ་ན་འདི་ལྟར་ལྷོད་གཡེང་ཤོར་ནས་བར་སྐབས་སོ་སོའི་མིང་གི་དག་ཆ་ནོར་པར་ཤོར་མྱོང་།



བརྗོད་གཞི་གཞན་ཁག་ལ་གཟིགས།