ཐའེ་ཝན་སྲིད་འཛིན་གྱིས་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༤ཉིན། ཉེ་ཆར་ཨ་རིའི་སིད་ཨན་ཨན་གསར་ཁང་གི་གསར་འགོད་པས་ཐའེ་ཝན་གྱི་སྲིད་འཛིན་མཱ་དབྱིངས་ཇུང་ལ་བཅའ་འདྲི་བྱས་སྐབས། ཁོང་གིས་༧གོང་ས་ཏཱ་ལའི་བླ་མས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་བྱེད་བཞིན་པ་ནི། བོད་དོན་དཀའ་རྙོག་སེལ་བའི་ཐབས་གཅིག་ཁོ་ན་དེ་རེད་ཅེས་བརྗོད་འདུག
ཁོང་གིས་ཐེའ་ཝན་ཡང་རྒྱ་ནག་ལས་ཞི་བདེ་དང་འཆམ་མཐུན་དུ་གནས་འདོད་ཡོད་པ་རེད། འོན་ཀྱང་ཉེ་ཆར་ཨ་རི་ལས་གོ་མཚོན་ཉོ་སྒྲུབ་བྱས་པ་ནི་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཞེས་དང༌། ཡང་ཁོང་གིས་ཐེའ་ཝན་ནི་ངེས་པར་དུ་རང་བཙན་སོར་གནས་བྱེད་དགོས་པ་ཞིག་དང༌། དཔེར་ན། ཧོང་ཀོང་ལྟ་བུ་རྒྱལ་༼ཁབ་གཅིག་ལ་ལམ་ལུགས་གཉིས་༽ལྟ་བུར་བསལ་བློ་གཏོང་རྒྱུ་ཡོད་པ་མ་རེད་ཅེས་བསྒྲགས་འདུག
སྤྱིར་ཕྱི་ལོ་༢༠༠༨ལོར་ཐའེ་ཝན་གཞུང་གི་སྲིད་འཛིན་མ་དབྱིངས་ཇུང་བྱས་པ་ནས་བཟུང༌། རྒྱ་ནག་དང་ཐའེ་ཝན་དབར་འབྲེལ་ལམ་ཡར་རྒྱས་ཕྱིན་ཡོད་ཀྱང༌། ན་ནིང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྒྲོ་ལོ་ཐེ་འབུམ་༦་༨གྱི་མ་གནས་ཡོད་པའི་གོ་མཚོན་ཚོང་བསྒྱུར་བྱ་རྒྱ་ཐག་གཅོད་དང༌། དེ་བཞིན་ཐའེ་ཝན་དུ་མཚོ་རླུང་གོད་ཆགས་སྐབས་༧གོང་ས་མཆོག་གདན་ཞུ་བྱས་པ་བཅས་ལ་བརྟེན། རྒྱ་ནག་གི་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་རེད།
མཱ་དབྱིངས་ཇུང་གིས་སྤྱི་ལོ་༡༩༤༩ནས་རྒྱ་ནག་གུང་ཁྲན་ཏང་གི་བོད་དང་སོག་པོ་ཤིན་ཅང་སོགས་ལ་དབང་བསྒྱུར་བྱས་ཡོད་ཀྱང༌། སྐབས་དེར་ཐའེ་ཝན་ནི་རྒྱ་ནག་ལས་ལོགས་སུ་གནས་ཡོད་པའི་རྒྱལ་ཁབ་ཅིག་རེད་ཅེས་འགྲེལ་བརྗོད་བྱས་འདུག